མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་
བཅུ་གཅིག་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་12ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་11ཚེས་10ཉིན་གྱི་སྔ་དྲོར་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་ནས་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་གྲོང་ཁྱེར་གྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན། དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པར་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས་སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་གནད་འཁེལ། བྱེ་བྲག་སྲིད་ཇུས་བབ་བསྟུན། སྒྱུར་བཅོས་སྲིད་ཇུས་དངོས་ཡོད། སྤྱི་ཚོགས་སྲིད་ཇུས་མཐིལ་བཏེགས་བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ་འཐབ་ཇུས་ཐད་རྒྱུན་སྲིང་དམག་འཐབ་རྒྱུག་རྒྱུ་མཐའ་འཁྱོངས་དང་དམག་ཇུས་ཐད་ཚར་གཅོད་དམག་འཐབ་ཡག་པོ་བརྒྱབ་ནས་སྤྱིའི་དགོས་མཁོ་རྒྱ་ཆེར་འོས་འཚམ་གཏོང་བ་དང་ཕྱོགས་མཚུངས་མཁོ་སྤྲོད་གཟིགས་སྐྱོང་གྲུབ་ཆའི་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ་དང་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཕྱོད་མཐོར་འདེགས་ཐད་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་རྒྱུན་སྲིང་འཕར་བའི་སྒུལ་ཤུགས་ཆེ་རུ་བཏང་སྟེ་རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གནད་དོན་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། མི་དམངས་དངུལ་ཁང་སོགས་ཀྱི་སྙན་སེང་གསན་པ་མ་ཟད། གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་སྙན་སེང་གསན་པ་རེད། འགོ་ཁྲིད་ཚོགས་ཆུང་གིས་གྲོས་བསྡུར་ཡང་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། སྤྱི་ཁོག་སྲིད་ཇུས་བརྟན་པོ་དགོས་པར་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཆེད་སྤྱི་ཁོག་དཔལ་འབྱོར་གྱི་ཁོར་ཡུག་བརྟན་པོ་ཞིག་གཏོད་དགོས། ཐོན་ལས་སྲིད་ཇུས་གནད་འཁེལ་དགོས་པར་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཁ་ཕྱོགས་གཏན་འཁེལ་འཕྱུག་མེད་བྱས་ནས་དངོས་ཚན་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གསོག་ཚད་འཕར་གཞིའི་སྒུལ་ཤུགས་ཆེ་རུ་གཏོང་བ། མི་འདང་བའི་ཆ་གསབ་པ། ལྗང་མདོག་འཕེལ་རྒྱས་མགྱོགས་པོ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་གང་ལེགས་སྤྱོད་པ་བཅས་ཀྱི་ཐོག་ནས་ཕྱི་རྒྱལ་གྱི་མ་འཇོག་བརྟན་པོའི་ངང་རྒྱ་ཆེར་ཧུར་ཐག་གཏོང་དགོས། བྱེ་བྲག་སྲིད་ཇུས་བབ་བསྟུན་དགོས་པར་གཞི་རྩའི་དཔལ་འབྱོར་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཁྲོམ་རའི་ཁོར་ཡུག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་གསོན་ཤུགས་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་ཆེ་རུ་གཏོང་བ། ལམ་ལུགས་དང་སྲིད་ཇུས་ཐད་ནས་གུ་ཡངས་པའི་ཁྲོམ་ར་གཉེར་སྐྱོང་དང་མ་འཇོག་ཁོར་ཡུག་གཏོད་པ། ཚོང་ཟོག་རང་མོས་འཁོར་རྒྱུག་དང་འདྲ་མཉམ་ཉོ་ཚོང་གི་ཁྲོམ་རའི་ཁོར་ཡུག་གཏོད་པ་བཅས་བྱེད་དགོས། སྒྱུར་བཅོས་སྲིད་ཇུས་དངོས་ཡོད་དགོས་པར་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་དོན་འཁྱོལ་ཡོང་བར་སྐུལ་མ་ཤུགས་ཆེན་བཏང་ནས་དཔལ་འབྱོར་འཕར་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་གཞུང་ཁོངས་ཁེ་ལས་དང་། ནོར་ཁྲལ་སྒྲིག་གཞི། དངུལ་རྩའི་སྒྲིག་གཞི་སོགས་སྒྱུར་བཅོས་ལ་སྐུལ་སྤེལ་མགྱོགས་པོ་གཏོང་དགོས། སྤྱི་ཚོགས་སྲིད་ཇུས་མཐིལ་བཏེགས་དགོས་པར་དམངས་འཚོའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ནས་ལས་ཞུགས་དང་སྤྱི་ཚོགས་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་རེད།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་གནད་དོན་མངོན་གསལ་དོད་པོར་དམིགས་པ་དང་འགག་རྩའི་གནད་དམ་འཛིན་བྱེད་དགོས། ཐོན་ནུས་ལྷག་མ་ནུས་ལྡན་ངང་སེལ་རྒྱུར་སྐུལ་མ་གཏོང་བ་དང་ཐོན་ལས་བཟང་སྒྲིག་བསྐྱར་སྒྲིག་ལ་སྐུལ་མ་གཏོང་དགོས། མ་གནས་དམའ་རུ་བཏང་ནས་ཁེ་ལས་ཀྱི་འགྲན་རྩོད་ལེགས་ཆ་རྒྱུན་འཁྱོངས་ཐུབ་པར་རོགས་རམ་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་མཛོད་ཉར་བསལ་ནས་ས་ཁང་བདག་ཁོངས་ཐོན་ལས་རྒྱུན་སྲིང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་བསལ་ནས་མ་དངུལ་མཉམ་བསྡུའི་ནུས་པ་ཆ་ཚང་བ་དང་། རྨང་གཞིའི་ལམ་ལུགས་བརྟན་པོ། ཁྲོམ་རའི་ལྟ་སྐུལ་དོ་དམ་ནུས་ལྡན། མ་འཇོག་མཁན་གྱི་ཁེ་དབང་ལ་སྲུང་སྐྱོང་གང་ལེགས་ཐོབ་པ་བཅས་ཀྱི་རྐང་དངུལ་ཁྲོམ་ར་ཞིག་གང་མགྱོགས་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུར་གཡོ་སྒུལ་མི་གཏོང་རྒྱུ་མཐའ་འཁྱོངས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་མཐའ་འཁྱོངས་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པར་བྱས་ཏེ་ཕྱོགས་ཁག་གི་ཧུར་སེམས་སྐོང་འཐེན་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རིང་ཁེ་ལས་མཁས་ཅན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཐོག་ཤེས་ལྡན་པ་དང་རིམ་ཁག་ལས་བྱེད་པའི་ཧུར་སེམས་དང་། རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་དང་གསར་གཏོད་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལས་དོན་ཡག་པོ་སྒྲུབ་པར་དང་ཐོག་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་། བརྩི་བཀུར། མཐུན་པ་བཅས་བྱས་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་བསམ་བློ་ཡོ་བསྲང་བྱེད་དགོས། ཞིང་པ་ལས་མི་གྲོང་མིར་འགྱུར་རྒྱུར་སྐུལ་མ་བཏང་ནས་ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་གང་མགྱོགས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།