མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ལི་པེ་རི་ཡའི་ཙུང་ཐུང་སེ་ལི་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་05ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ལི་པེ་རི་ཡའི་ཙུང་ཐུང་སེ་ལི་ཕུའུ་དང་གྲོས་མོལ་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལི་པེ་རི་ཡའི་ཙུང་ཐུང་སེ་ལི་ཕུའུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཀྲུང་ལིའི་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུར་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་དང་ཐོག་ཙུང་ཐུང་སེ་ལི་ཕུའུ་ཡིས་ལི་པེ་རི་ཡ་སྲིད་གཞུང་དང་མི་དམངས་ཀྱི་སྣེ་འཁྲིད་དེ་ཨའེ་པོ་ལ་རིམས་ནད་མཇུག་འགྲིལ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་གནང་བ་རེད། ཞིས་ཅིན་ཕིང་གིས་དཀའ་སྡུག་ཁྲོད་འགྲིག་པའི་གྲོགས་པོ་ནི་གཞི་ནས་གྲོགས་པོ་དངོས་གནས་རེད། ཀྲུང་གོས་ལི་པེ་རི་ཡ་སོགས་གླིང་ཆེན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པར་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཡོད། དེར་ང་ཚོ་དགའ་པོ་བྱུང་། ཀྲུང་གོ་སྲིད་གཞུང་གིས་ལི་པེ་རི་ཡ་སོགས་གླིང་ཆེན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་ལ་མུ་མཐུད་རོགས་སྐྱོར་གསར་པ་རབ་དང་རིམ་པ་བྱས་ནས་རྒྱལ་ཁབ་གསུམ་གྱིས་རིམས་ནད་རྗེས་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་དང་རྒྱལ་ཁབ་གསུམ་གྱིས་སྤྱི་པའི་འཕྲོད་བསྟེན་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པར་རོགས་རམ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ལིའི་འབྲེལ་བར་ཚད་མཐོའི་སྣང་ཆེན་བྱས་ནས་ལི་པེ་རི་ཡ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་ལིའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་གྱི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་དང་ཐུན་མོང་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མཚོ་ཐོག་སྐྱེལ་འདྲེན། ཞིང་ལས་ཉ་ལས། ཐོན་ནུས། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ་ལི་པེ་རི་ཡ་ཕྱོགས་ཀྱིས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དེ་མི་དམངས་ལ་ཕན་པ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འགྱུར་བ་བྱེད་པ་དང་རང་བརྟེན་ངང་རྒྱུན་སྲིང་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་དང་སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོ། རིག་གནས། སྨྱན་སྦྱོར། ཇུས་འདོན་ཚོགས་པ་སོགས་ཁྱབ་ཁོངས་ནང་སྤེལ་རེས་དང་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་དམངས་འདོད་དང་སྤྱི་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་ལ་སྤྱི་པའི་འཕྲོད་བསྟེན་གྱི་རིམས་འགོག་མ་ལག་བཟོ་བ་དང་འཐུས་ཚང་དུ་གཏོང་བར་རོགས་རམ་བྱེད་པ་དང་། ལི་པེ་རི་ཡ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་མི་གྲངས་མང་དུ་གཏོང་བ། ལི་པེ་རི་ཡ་ཕྱོགས་ལ་རྒྱལ་ཁབ་དང་དཔལ་འབྱོར་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་དང་བདེ་འཇགས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ལི་པེ་རི་ཡ་ཆེད་གཏོང་ཚོགས་པའི་ནང་མུ་མཐུད་ཞུགས་ཏེ་ལི་པེ་རི་ཡ་ཕྱོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རོགས་རམ་བྱེད་འདོད་ཡོད། ང་ཚོས་ལི་པེ་རི་ཡ་ཕྱོགས་དང་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གོ་རིམ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ཞི་བདེ་དང་འཕེལ་རྒྱས་སོགས་ཀྱི་གནད་དོན་སྐོར་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁ་ནི་ཐོག་མཐའ་བར་གསུམ་དུ་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཉམ་ལས་གཉིས་ཁེའི་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་རེད། ཀྲུང་ཧྥེའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དེ་མི་སེམས་ལ་ཟུག་པས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་དང་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་གཞི་རེད། ཟླ་བ་རྗེས་མར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པོའི་དབུ་ཚོགས་འཚོག་རྒྱུ་ཡིན་པར་བརྟེན་ཀྲུང་གོ་ཕྱོགས་ཀྱིས་གླེང་སྟེགས་ཀྱི་ཁོངས་མི་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དབུ་ཚོགས་དེ་ཀྲུང་ཧྥེའི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྥེའི་སླད་ཕྱིན་གྱི་མཉམ་ལས་དོན་གཉེར་བྱེད་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཆགས་པ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         སེ་ལི་ཕུའུ་ཡིས་ལི་པེ་རི་ཡས་ཨའེ་པོ་ལ་རིམས་ནདལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེ་བའི་འཐབ་རྩོད་དེར་ཀྲུང་གོའི་རྩ་ཆེའི་རྒྱབ་སྐྱོར་ཐོབ་ཡོད། ཀྲུང་གོ་ནི་ལི་པེ་རི་ཡ་སོགས་གླིང་ཆེན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་ལ་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་དང་གྲས་ཡིན། རང་ཉིད་ད་ཐེངས་ཀྲུང་གོར་འཚམས་འདྲི་ཞུ་སྐབས་དང་ཐོག་ཀྲུང་གོ་ཕྱོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ལི་པེ་རི་ཡས་ཡིད་ཆེས་བྱེད་ཆོག་པའི་གྲོགས་པོ་དངོས་གནས་ཤིག་རེད། ལི་པེ་རི་ཡས་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་བཤེས་ལ་གཅེས་སྤྲས་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ། འདྲ་མཉམ། གཉིས་ཕན་བཅས་ལ་གཞི་ཚུགས་པའི་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་རྣམས་ཡིད་སྨོན་བྱེད་འོས་པ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཅེས་གསུངས་པ་རེད།