མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་04ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མུ་མཐུད་མཉམ་ལས་མདུན་སྐྱོད་ཀྱིས་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་འགོ་ཁྲིད་མི་སྣ་ཕན་ཚུན་འགྲོ་འོང་དམ་ཟབ་བྱེད་པ་ནི་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྲོལ་རྒྱུན་བཟང་པོ་ཞིག་རེད། ང་ཚོ་ཐུན་མོང་གི་དོ་ཁུར་འོག་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡར་ངོའི་ཟླ་བཞིན་གོང་འཕེལ་བྱུང་ནས་ཁྱབ་ཁོངས་ཁག་ཏུ་དོན་གཉེར་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་དེ་བས་འཐུས་ཚང་བརྟན་ལྷིང་དང་། དེ་བས་གཏིང་ཟབ་དོན་གཉེར། དེ་བས་གསོན་ཤུགས་ལྡན་པ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བར་གྱུར་ཡོད། ང་ཚོ་མཉམ་དུ་འབད་བརྩོན་གྱིས་དེ་བས་དམ་ཟབ་རྒྱུན་སྲིང་གི་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ཉིད་དུས་སྐབས་གསར་པའི་ནང་དེ་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་སྣེ་ཁྲིད་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་ནས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་བརྟན་ལྷིང་གོང་འཕེལ་གྱི་ཁྱོན་ཡོངས་སྲུང་སྐྱོང་བྱས་ཏེ་རིམ་པ་དེ་བས་མཐོ་བའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་དགོས་པ་དང་། གཉིས་ནས་དམ་པ་དོན་གཉེར་གྱི་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྤྱི་འདོམས་སྒོ་ནས་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཉིང་རྡུལ་གློག་ཁང་དང་གནམ་གྲུ་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཐུབ་པ་བྱེད་པ་དང་ཕན་ཚུན་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ཐོག་ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་འཕར་སྣོན་གྱི་གཏིང་ཤུགས་འདོན་སྤེལ་བྱེད་དགོས། ཀྲུང་གོའི་ཁེ་ལས་ཧྥ་རན་སེར་མ་འཇོག་བྱེད་པར་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་ལྕག་ཧུར་ཐག་གཏོང་རྒྱུ་ཡིན་ལ་ཧྥ་རན་སེ་ཕྱོགས་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། རིམ་པ་མཐོ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་ལམ་སྲོལ་གང་ལེགས་སྤྱད་དེ་དངོས་སྦྱོང་སློབ་མ་སྟོང་གི་འཆར་གཞི་གང་མགྱོགས་ལག་ལེན་བསྟར་དགོས། ཕྱོགས་གཉིས་པོས་ས་གནས་ཀྱི་མཉམ་ལས་གཙོ་གནད་དུ་བཟུང་ནས་བརྗོད་བྱ་གཙོ་བོའི་བྱེད་སྒོ་གསར་པ་སྤེལ་ཆོག གསུམ་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་གཉིས་ཁེ་གཉིས་ཕན་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཕན་ཚུན་བརྩི་འཇོག་དང་། ཕྱར་བ་གྲུ་འདེགས། མཉམ་ལས་གཉིས་ཁེ་སོགས་ཀྱི་འདུ་ཤེས་དར་སྤེལ་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སོགས་ཀྱི་གནད་དོན་གལ་ཆེན་ཐད་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དམིགས་བསལ་འདོན་དབང་གི་དངུལ་ལོར་ཁྱབ་ཁོངས་སུ་བཅུག་པར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ཧྥ་རན་སེ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དངུལ་ལོར་དངུལ་རྩའི་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཕྱི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཀྱི་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཧྥ་རན་སེ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཧྥ་རན་སེ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཕ་རི་སིའི་ཚོགས་ཆེན་འཚོག་རྒྱུའི་གྲ་སྒྲིག་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ལ་ཧྥ་རན་སེ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཕ་རི་སིའི་ཚོགས་ཆེན་འཚོག་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཚོགས་ཆེན་ལེགས་གྲུབ་ལྡན་པའི་ངང་འཚོག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ཀྱང་འབད་བརྩོན་ཏན་ཏིག་བྱེད་བཞིན་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་གཙོ་གཉེར་རྒྱལ་ཁབ་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཕ་རི་སིའི་ཚོགས་ཆེན་ལ་ཕྱོགས་ཡོངས་དང་དོ་སྙོམས་ཀྱི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་གནས་སྟངས་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་གཉིས་རེད། ང་ཚོས་ཧྥ་རན་སེ་ཕྱོགས་ཚུད་པའི་ཡོ་རོབ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱིས་ལྟ་བ། མཉམ་ལས་གཉིས་ཁེ་བཅས་ཀྱི་རྩ་དོན་གཞིར་བཟུང་ཀྲུང་གོ་དང་ཡོ་རོབ་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ལྷག་དོན་དུ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཡོ་རོབ་ཀྱི་མ་འཇོག་འཆར་གཞི་འབྲེལ་མཐུད་ཡོང་བ་སོགས་ཀྱི་ཐད་གང་མགྱོགས་འཕེལ་རྒྱས་གཏོང་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ཁྲོད་ཧྥ་རན་སེ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གྱིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་མཉམ་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཨའོ་ལང་ཏེས་ང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་ངང་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་ཆེད་ཡིན། རྒྱལ་ཁབ་གཉིས་པོའི་མཐོ་རིམ་མི་སྣའི་དབར་ཕན་ཚུན་འགྲོ་འོང་བྱེད་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་ལུགས་མཚོན་ཡོད། དེང་གི་ཆར་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་གླེང་མོལ་བྱེད་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཉིང་རྡུལ། ཡུལ་སྐོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་གཉིས་ཡིན་པས་རྒྱལ་སྤྱིའི་བྱ་བ་མང་དག་ཁྲོད་ལྟ་སྟངས་དང་ཁེ་ཕན་གཅིག་མཚུངས་ཡོད་པའི་ཁར་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་ཀྱི་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཀྱིས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཕ་རི་སིའི་ཚོགས་ཆེན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད་ལ། ཀྲུང་གོས་ཕྱི་ལོ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་གཉེར་རྒྱུར་གཞོགས་འདེགས་དམ་ཟབ་བྱེད་འདོད་ཡོད། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིར་དགོས་ངེས་ཀྱི་སྒྱུར་བཅོས་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་དབྱིན་ཇི་དང་འཇར་མན་སོགས་ཡོ་རོབ་རྒྱལ་ཁབ་དང་མཉམ་དུ་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་《ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་བ་རེད།