མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཝེ་ཐེ་ནམ་དུ་ཕེབས་འབྱོར་ཟིན་པ་དང་འབྲེལ་ཝེ་ཐེ་ནམ་གུང་ཁྲན་ཏང་གི་
སྤྱི་ཁྱབ་ཧྲུའུ་ཅི་དང་གྲོས་མོལ་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་07ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཝེ་ཐེ་ནམ་དུ་ཕེབས་འབྱོར་ཟིན་པ་དང་འབྲེལ་ཝེ་ཐེ་ནམ་གུང་ཁྲན་ཏང་གི་
སྤྱི་ཁྱབ་ཧྲུའུ་ཅི་དང་གྲོས་མོལ་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིར་ཕེབས་འབྱོར་ཟིན་ནས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
         ཉིན་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧ་ནོ་དབྱིར་ཝེ་ཐེ་ནམ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས“ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུར་ལ་ཕྱོགས་པ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན། ཕྱོགས་ཡོངས་ནས་མཉམ་ལས”བཅས་ཀྱི་བྱེད་ཕྱོགས་དང“ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ”བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ཀྲུང་ཝེ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་བརྟན་ལྷིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གཅིག་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཝེ་རི་ཆུ་འབྲེལ་བ་དང་ཀྲུང་ཝེ་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཅིག་རེད། རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་ཀྱི་རང་བཙན་བརྩོན་ལེན་དང་མི་རིགས་བཅིངས་འགྲོལ་འཐབ་རྩོད་ནང་དཔུང་གཤིབ་དམག་འཐབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ནང་ཕན་ཚུན་རོགས་རམ་བྱས་པ། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུའུ་ཞི་ཧུའུ་ཀྲི་མིང་སོགས་ཕྱོགས་གཉིས་པོའི་འགོ་ཁྲིད་པ་རྒན་གྲས་སྐུ་ངོ་མས་བསྐྲུན་པའི“བློ་མཐུན་མ་ཚད་སྤུན་ཟླ་ལྟ་བུ་ཡིན་པའི”སྲོལ་རྒྱུན་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་ལ་ཕུགས་རྩ་བརྟན་པ་དེ་ནི་ཀྲུང་ཝེ་ཕྱོགས་གཉིས་པོས་ངེས་པར་དུ་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ཐུན་མོང་གི་རྒྱུ་ནོར་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་བཙུགས་ནས་ལོ་85འཁོར་བ་དང་ཝེ་ཐེ་ནམ་རྒྱལ་ཁབ་བཙུགས་ནས་ལོ་70འཁོར་བར་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གྱིས་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་ཝེ་ཐེ་ནམ་གྱིས་གསར་བཅོས་ཀྱི་བྱ་གཞག་མུ་མཐུད་གཏིང་ཟབ་ཏུ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། བློ་མཐུན་རོན་ཕུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཝེ་ཐེ་ནམ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཝེ་ཐེ་ནམ་ཏང་དང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱས་ནས་དམིགས་ཚད་དང་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱེད་སྲིད་པ་དང་གསར་བཅོས་བྱ་གཞག་གི་རླབས་ཆེན་འཐབ་ལམ་ཐོག་ཝེ་ཐེ་ནམ་མི་དམངས་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ཐོབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
         ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཞིས་ཅིན་ཕིང་གིས་གྲོས་འགོ་ཁག་7བཏོན་གནང་བ་སྟེ། གཅིག་ནི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མཐོ་རིམ་འགྲོ་འོང་གི་སྲོལ་རྒྱུན་མཐའ་འཁྱོངས་བྱེད་པ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མཐུན་སྦྱོར་དང་ཡིད་ཆེས་ཆེ་རུ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཁྲིད་སྟོན་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནི་ཏང་དབར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཏང་གཉིས་དབར་གྱི་ཏང་སྲིད་ལས་བྱེད་པའི་གསོ་སྦྱོང་མཉམ་ལས་འཆར་གཞི་ལག་བསྟར་ཡག་པོ་བྱས་ཏེ་ཏང་གཉིས་དབར་གྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཡག་པོ་གཉེར་དགོས་པ། གསུམ་ནི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་དགོས་པ། བཞི་ནི་ཕྱོགས་གཉིས་ཀྱིས་དམག་གཉིས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་དོན། བདེ་འཇགས་སྲུང་སྐྱོང་། དུག་འགོག མཐའ་མཚམས་འགྲོ་འོང་དོ་དམ། གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བ། དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། ལྔ་ནི་མཛའ་གྲོགས་དང་བརྩེ་དུང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་དབར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། གསར་འགྱུར་དང་། རིག་གནས། སློབ་གསོ། ཡུལ་སྐོར་སྤྲོ་འཆམ། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་ཝེའི་དབར་གྱི་མཛའ་གྲོགས་དམངས་འདོད་ཀྱི་རྨང་གཞིར་ཤུགས་སྣོན་རྒྱག་དགོས་པ། དྲུག་ནི་མཚོ་ཐོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་དབར་གྲུབ་པའི་ལྟ་སྟངས་གཅིག་མཐུན་དོན་འཁྱོལ་བྱེད་པ། ཕྱོགས་གཉིས་གྲོས་མོལ་བྱ་རྒྱུ་ཐབས་ལམ་ཡང་དག་ལ་བརྩི་བ། མཉམ་ལས་གསར་སྤེལ་བྱ་རྒྱུ་ཐུན་མོང་གི་དམིགས་ཚད་ལ་བརྩི་བ། མཚོ་ཐོག་གི་མི་མཐུན་ས་ཐག་གཅོད་འོས་འཚམ་བྱེད་པ་དང་འབྲེལ་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ། བལྟ་སྟངས་གཅིག་མཐུན་རིམ་བཞིན་གསོག་པ། ཐུན་མོང་གི་ཁེ་ཕན་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་པ། བདུན་ནི་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
         རོན་ཕུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ཞིས་ཅིན་ཕིང་གིས་ཝེ་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་65འཁོར་མཚམས་སུ་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཝེ་ཀྲུང་རྒྱལ་ཁབ་གཉིས“རི་ཆུ་འབྲེལ་བ”དང་གསར་བརྗེའི་དམག་འཁྲུག་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལོ་རབས་ནང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དེ་ནི་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་རེད། རྒྱལ་ཁབ་འཕེལ་རྒྱས་བྱ་གཞག་ཁྲོད་ཀྲུང་གོའི་ཏང་དང་སྲིད་གཞུང་ལ་གྲུབ་འབྲས་ཐོབ་པར་ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་གིས་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མིག་སྔར་རྒྱལ་ཁབ་གཉིས་པོར་གསར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ལྕི་པོ་འཕྲད་ཡོད་པས་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ་ས་ཁུལ་དེ་གའི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་ཡོད། ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝེ་ཀྲུང་དབར་གྱི་འབྲེལ་བར་སྣང་ཆེན་བྱེད་པ་དང་། “ཡིག་འབྲུ་བཅུ་དྲུག”གི་བྱེད་ཕྱོགས་དང“ལེགས་བཞིའི”དགོངས་དོན་གཞིར་བཟུང་ཝེ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ་དང་མི་མཐུན་ས་དོ་དམ་ཚོད་འཛིན་ནུས་ལྡན་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་རིམ་པ་ཁག་དབར་འགྲོ་འོང་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཚོང་དོན་རྒྱུན་མཐུད་འཕར་རྒྱུར་སྐུལ་འདེད་གཏོང་བ། “བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”དང“རྒྱུད་གཅིག་ལམ་གཅིག”འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་མོས་མཐུན་བྱེད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་རྨང་གཞིའི་སྒྲིག་བཀོད་དང་མཐོ་གསར་ལག་རྩལ་ཁྱབ་ཁོངས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། འགོག་སྲུང་ལས་དོན། བདེ་འཇགས་ཉེས་གསོག་ལ་རྡུང་རྡེག ས་གནས་སོགས་ཐད་ཀྱི་ཕྱོགས་གཉིས་པོའི་ཁྱབ་ཁོངས་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཕྱོགས་གཉིས་པོའི་འགོ་ཁྲིད་པས་ད་དུང་རྒྱལ་ཁབ་སོ་སོའི་རྒྱལ་ནང་གི་དུས་བབ་བརྡ་ཁྱབ་གནང་བ་རེད། ཞིས་ཅིན་ཕིང་གིས་རོན་ཕུའུ་ཀྲུང་ལ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། རོན་ཕུའུ་ཀྲུང་གིས་ཞིས་ཅིན་ཕིང་ལ་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་གྲ་སྒྲིག་ལས་ཀའི་གནས་ཚུལ་ངོ་སྤྲོད་ཞུས་པ་རེད།
         གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཏང་དབར་དང་། འགྲིམ་འགྲུལ། ཡུལ་སྐོར། ཐོན་ནུས་མཉམ་ལས། རིག་གནས། ལྕགས་ལམ། ནུས་རྒྱུ། དངུལ་རྩ། ས་གནས་མཉམ་ལས་སོགས་ཁྱབ་ཁོངས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།