མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ཐུང་ཁྲེན་ཆིང་ཡན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་08ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ཐུང་ཁྲེན་ཆིང་ཡན་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ཐུང་ལས་ཤག་ཏུ་སིང་ཀ་ཕོར་གྱི་ཙུང་ཐུང་ཁྲེན་ཆིང་ཡན་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་སིང་འབྲེལ་བ་དེ་དུས་བསྟུན་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏན་འཁེལ་བྱ་རྒྱུ་དང་འབྲེལ་ཀྲུང་སིང་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་དང་གྲོས་མོལ་བྱེད་འགོ་འཛུགས་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         ཞིས་ཅིན་ཕིང་གིས། ཀྲུང་སིང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་དུས་སུ་སིང་ཀ་ཕོར་རྒྱལ་དོན་གྱི་འཚམས་འདྲི་བྱས་པར་ཧ་ཅང་དགའ་པོ་བྱུང་། ཀྲུང་སིང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25སོང་རིང་ཕྱོགས་གཉིས་པོས་ཁྱབ་ཁོངས་རྒྱ་ཆེ་བ་དང་། རིམ་པ་སྣ་ཚོགས། དངོས་སྒྲུབ་གསར་གཏོད་བཅས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་བྱས་ཡོད། མིག་སྔར་ཀྲུང་སིང་དབར་གྱི་འབྲེལ་བ་དེ་སྔ་འཛིན་ཕྱི་གཏོད་ཀྱི་གོ་སྐབས་གལ་ཆེན་དུས་སུ་སླེབས་ཡོད། ང་ཚོས་སིང་ཀ་ཕོར་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཀྲུང་སིང་འབྲེལ་བའི་འབྱུང་འགྱུར་གསར་པ་གཏོད་འདོད་ཡོད། གཅིག་ནི་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་། མཐོ་རིམ་དབར་འགྲོ་འོང་ཟབ་མོ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འགོ་ཁྲིད་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་སྟངས་འཛིན་ཡག་པོ་བཅས་བྱེད་པ་དང་། གཉིས་ནི་དུས་བསྟུན་འཕེལ་རྒྱས་ཀྱིས་དངོས་སྒྲུབ་མཉམ་ལས་གསར་འབྱེད་དང་ཁྲུང་ཆིང་དེ་གཉེར་སྐྱོང་ལྟེ་གནས་སུ་བྱས་པའི་ཀྲུང་སིང་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་གསུམ་པར་སྐུལ་འདེད་ཏན་ཏིག་བཏང་ནས་དེ་ཀྲུང་སིང་གཉིས་ཕན་མཉམ་ལས་ཀྱི་དཔེ་སྟོན་རྣམ་གྲངས་གསར་པར་འཛུགས་སྐྲུན་བྱེད་པ་དང་། སུའུ་ཀྲོའུ་བཟོ་ལས་གླིང་དང་ཐེན་ཅིན་སྣོད་བཅུད་གྲོང་གི་གཙོ་གནད་མཉམ་ལས་རྣམ་གྲངས་ཆེན་པོ་གཉིས་མུ་མཐུད་འཛུགས་སྐྲུན་ཡག་པོ་བྱེད་པ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཕར་བའི་འཕེལ་ཕྱོགས་མཐའ་འཁྱོངས་བྱེད་པ། ཕྱོགས་གཉིས་པོས་ད་དུང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཟུང་འབྲེལ་བྱས་ཏེ་ཕུང་གསུམ་པའི་ཁྲོམ་རའི་མཉམ་ལས་བྱེད་སྟངས་གསར་འབྱེད་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་འབྲེལ་སྒྲོམ་གཞི་དེའི་ནང་དངུལ་རྩའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་ཆོག་པ། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སིང་ཀ་ཕོར་དང་མཉམ་དུ་ཚན་རྩལ་དང་ཁོར་ཡུག་སྲུང་སྐྱོང་དང་། སློབ་གསོ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཁག་ཏུ་སྤེལ་རེས་དང་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། གསུམ་ནི་ས་ཁུལ་དང་རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། སིང་ཀ་ཕོར་གྱིས་ད་ལོ་ཀྲུང་གོ-ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཀྱི་ལས་འགན་གསར་དུ་འཁུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་དང་མཉམ་དུ་འཕེལ་རྒྱས་དང་མཉམ་ལས་ལ་དམིགས་ནས་ཀྲུང་གོ-ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་འགྲུབ་མཉམ་དུ་བསྐྲུན་འདོད་ཡོད། ཀྲུང་སིང་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་ལམ་སྲོལ་ཁྲོད་ཀྱི་འབྲེལ་བ་དང་མཐུན་སྦྱོར་བྱེད་ཆོག་པ་བཅས་རེད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་མཐའ་འཁོར་ནི་ཀྲུང་གོའི་ཆགས་ས་རྟེན་ས་དང་འཕེལ་རྒྱས་དང་དར་རྒྱས་ཀྱི་རྩ་བ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་པ་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སིང་ཀ་ཕོར་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་དུ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཁྲེན་ཆིང་ཡན་གྱིས་སིང་ཀ་ཕོར་རྒྱལ་ཁབ་བཙུགས་ནས་ལོ་50འཁོར་བ་དང་སིང་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་བཀྲ་ཤིས་གཉིས་བརྩེགས་ཀྱི་ལོ་དེར་ཀྲུའུ་ཞི་ཞིས་ཅིན་ཕིང་སིང་ཀ་ཕོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ད་རེས་ཀྱི་འཚམས་འདྲི་གནང་བ་བརྒྱུད་སིང་ཀྲུང་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་ཡིད་ཆེས་ཡོད། ད་ཕན་ལོ་ཤས་རིང་སིང་ཀྲུང་དབར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། སུའུ་ཀྲོའུ་བཟོ་ལས་གླིང་དང་ཐེན་ཅིན་སྣོད་བཅུད་གྲོང་གི་རྣམ་གྲངས་ཀྱི་རྗེས་སུ་སིང་ཀྲུང་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་གསུམ་པ་དེ་སྤེལ་གཉེར་ཡོད། དེ་དག་ཚང་མས་སིང་ཀྲུང་དབར་གྱི་འབྲེལ་བར་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་རེད། སིང་ཀྲུང་དབར་གྱི་མཉམ་ལས་འབྲེལ་བ་དེ་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཁོ་ནར་ཚོད་འཛིན་མི་བྱེད་པར་དུས་བསྟུན་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཤིག་ཡིན། ཀྲུང་གོས་བཏོན་པའི་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་གྲོས་འགོར་སིང་ཀ་ཕོར་གྱིས་མོས་མཐུན་བྱས་ནས་དེ་ས་ཁུལ་གྱི་འཕེལ་རྒྱས་ལ་ཕན་པ་ཡོད་པའི་ངོས་འཛིན་བྱས་ཤིང་། འབྲེལ་ཡོད་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་འདོད་ཡོད། ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེ་བརྟན་ལྷིང་གི་སྟོབས་ཤུགས་ཤིག་ཡིན་པ་སིང་ཀ་ཕོར་གྱིས་ཡིད་ཆེས་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་བ་དང་མཐུན་སྦྱོར་བྱེད་འདོད་ཡོད་ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་བྱེད་པའི་ཐད་ཤུགས་སྣོན་རྒྱག་རྒྱུར་ཡང་མོས་མཐུན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         མཇལ་འཛོམས་མ་གནང་གོང་ཁྲེན་ཆིང་ཡན་གྱིས་ཙུང་ཐུང་ལས་ཤག་གི་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རླངས་འཁོར་ནང་བཞུགས་ཏེ་ཕེབས་འབྱོར་ཟིན་སྐབས་ཁྲེན་ཆིང་ཡན་དང་སྐུ་ཟླ་རླངས་འཁོར་འཇོག་སར་བསུ་བ་ཞུ་བར་ཕེབས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྡིངས་ཆའི་ཐོག་ཕེབས་པ་དང་དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་སིང་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཁྲེན་ཆིང་ཡན་གྱི་ཕེབས་རོགས་འོག་ཞིས་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གི་མཛད་སྒོར་ཞུགས་པ་རེད།