མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཚོ་སྔོན་ཞིང་ཆེན་གྱི་སློབ་ཞུགས་གོང་གི་ལོ་གསུམ་རིང་གི་ཕྲུ་གུ་ན་འདྲེས་བུ་བཅོལ་ཁང་
དུ་ཞུགས་ཚད་77%ཟིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། དགུན་དུས་ཀྱི་གྲང་ངར་ཆེ་བའི་མཚོ་བོད་ས་མཐོར་གང་སར་འཁྱག་པ་ཐེབས་ཡོད་ཀྱང་ཉིན་ལྟར་ཞོགས་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ནས་ཡིན་པའི་ལོ་5ལ་སོན་པའི་བུ་རིན་ཆེན་རྒྱལ་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་སྤོ་བོ་རྣམ་ཐར་བྱམས་ལ་རང་ཉིད་བུ་བཅོལ་ཁང་དུ་སྐྱེལ་རོགས་ཞེས་བརྗོད་ཀྱི་ཡོད།
     སྐད་ཡིག་སློབ་ཁང་དུ་ཡོན་ཀྲང་པའོ་ཡུང་ཕིང་གིས་གྲིབ་གཟུགས་གློག་བརྙན་ལ་བརྟེན་ནས་གསོན་ཉམས་ལྡན་པའི་སྒོ་ནས་མཐོ་རིམ་འཛིན་གྲྭའི་ཕྲུ་གུ་ཚོར་《གྷི་རིན་བྱིས་སྒྲུང་》ནང་གི་《ཕོ་རོག་བདུན་》གྱི་སྒྲུང་གཏམ་ཤོད་བཞིན་འདུག
     “ད་ཆ་ཕྲུ་གུ་ཚོར་སྒྲུང་གཏམ་ཤོད་པའི་བརྙན་ལམ་སྒྲིག་ཆས་དང་དྲ་སྦྲེལ་ཐོན་ཁུངས་ཡོད་པས་འབྲོག་ཁུལ་གྱི་ཕྲུ་གུ་ཚོས་ཕྱིའི་འཇིག་རྟེན་གྱི་གནས་ཚུལ་ཐད་ཀར་རྒྱུས་མངའ་བྱེད་ཐུབ་ལ་ཁོ་ཚོར་མ་འོངས་འཇིག་རྟེན་ལ་ཤེས་འདོད་ཀྱི་མཚར་སྣང་སློང་ཐུབ”ཅེས་པའོ་ཡུང་ཕིང་གིས་བཤད།
     མཚོ་སྔོན་ཞིང་ཆེན་མཚོ་བོད་ས་མཐོའི་ཤར་ངོས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལས་བརྒལ་ཡོད། འབྲོག་ཁུལ་གྱིས་ཞིང་ཆེན་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་95%ཡན་བཟུང་ཡོད། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་སྡོད་གནས་ཁ་ཐོར་ཡིན་པས་གཞི་རིམ་གྱི་སློབ་ཞུགས་གོང་གི་སློབ་གསོ་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཆེན་པོར་གྱུར་ཡོད།
     “དེ་སྔོན་འབྲོག་ཁུལ་གྱི་ཕྲུ་གུ་མང་པོ་བུ་བཅོལ་ཁང་དུ་བསྐྱོད་ཐབས་བྲལ། དེའི་རྒྱུ་མཚན་ནི་ཕ་མས་གཏོང་འདོད་མེད་པ་དང་ཁྱིམ་ཚང་དབུལ་བའི་གནད་དོན་མིན། གང་ཡིན་ཟེར་ན་བུ་བཅོལ་ཁང་མང་ཆེ་བ་རྫོང་གྲོང་དུ་ཡོད་པས་འབྲོག་ཁུལ་དང་རྒྱང་ཐག་རིང་བས་ཡིན”ཞེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བུ་བཅོལ་ཁང་གི་ཡོན་ཀྲང་ལི་ཆུང་ཡིང་གིས་བཤད།
     གོང་གི་གནད་དོན་ལ་གཞིགས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་མཚོ་སྔོན་གྱིས་སྔ་རྗེས་སུ་དུས་ཐེངས་གཉིས་ཀྱི“སློབ་ཞུགས་གོང་གི་སློབ་གསོའི་ལོ་གསུམ་བྱ་སྤྱོད་འཆར་གཞི”ལག་བསྟར་བྱས་ནས་མ་འཇོག་སྒོར་དུང་ཕྱུར་20ཡན་བཏང་སྟེ་གཞི་རིམ་དང་ལྷག་པར་དུ་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་བཏང་བ་དང“གཞི་ཁྱོན་ཚད་རན་པ་དང་བདེ་འཇགས་ཡིན་པའི”རྩ་དོན་གཞིར་བཟུང་། བུ་བཅོལ་ཁང་120ལྷག་ཙམ་གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་12ལས་བརྒལ་བ་དང་འབྲེལ་དམངས་བཙུགས་བུ་བཅོལ་ཁང་300ལྷག་ཙམ་ལ་བྱ་དགའི་ཁ་གསབ་སྤྲད་པ་རེད།
     མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་སློབ་སྐྱོར་དོ་དམ་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོ་ནས་བཟུང་མཚོ་སྔོན་གྱིས་སློབ་ཞུགས་གོང་གི་ལོ་གཅིག་གི་སློབ་གསོ་དེ་སྲིད་གཞུང་གི་ཆེད་དོན་རྣམ་གྲངས་ཀྱི་ཁ་གསབ་ནང་བཅུག་ཡོད་པ་དང་ལྷག་པར་དུ་འབྲོག་ལས་གཙོ་བོ་བྱེད་པའི་གཙང་གསུམ་ཆུ་འགོར་སློབ་ལོ་མ་ལོན་པའི་ཕྲུ་གུ་རེར་ལོ་ལྟར་སྒོར་2700ཁ་གསབ་སྤྲོད་ཀྱི་ཡོད་པ་དེས་སྤྱིའི་ཆ་ནས་ཕྲུ་གུ་བུ་བཅོལ་ཁང་དུ་གཏོང་བའི་འགྲོ་གྲོན་འདང་གི་ཡོད།
     “ཕྲུ་གུ་བུ་བཅོལ་ཁང་དུ་ཐོག་མར་འགྲོ་སྐབས་ཕ་མས་དངུལ་མི་འདང་བའི་སེམས་ཁྲལ་བྱེད་ཀྱི་ཡོད་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་སྲིད་གཞུང་གིས་ལོ་ལྟར་སྒོར་2000ལྷག་ཙམ་གྱི་ཁ་གསབ་སྤྲད་པས་དེས་འཚོ་བའི་འགྲོ་གྲོན་ཡང་འདང་གི་འདུག”ཅེས་སྤོ་བོ་རྣམ་ཐར་བྱམས་ཀྱིས་བཤད།
     མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་གཞི་གྲངས་ལས་མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱི་སློབ་ཞུགས་གོང་གི་ལོ་གསུམ་རིང་ཕྲུ་གུ་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་77.07%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་16.67%མཐོ་རུ་ཕྱིན་པས་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད།
     སློབ་ཞུགས་གོང་གི་སློབ་གསོའི་ལས་གནས་ཚད་བཀག་ཡོད་པ་དང་ལས་མི་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་2015ལོའི་ཟླ་7པར་མཚོ་སྔོན་ཞིང་ཆེན་གྱིས་《སྲིད་གཞུང་གིས་སློབ་ཞུགས་གོང་གི་སློབ་གསོའི་ཞབས་ཞུའི་རྣམ་གྲངས་ཉོ་བའི་ལག་བསྟར་བྱེད་ཐབས་》དངོས་སུ་ལག་ལེན་བསྟར་བས་སྲིད་གཞུང་གིས་ཞབས་ཞུ་ཉོ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དམངས་བཙུགས་བུ་བཅོལ་ཁང་ལ་སྤྱི་ཚོགས་སུ་སྤྱི་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་རྒྱབ་སྐྱོར་བྱེད་ཀྱི་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་མཚོ་སྔོན་ཞིང་ཆེན་གྱི་བུ་བཅོལ་ཁང་དུ་ཕྲུ་གུ་ཁྲི་19.6ཟིན་རྒྱུ་དེ་སློབ་ཞུགས་གོང་གི་ལོ་གསུམ་གྱི་ཕྲུ་གུ་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་78%ལས་བརྒལ་རེ་ཡོད་པ་རེད།

  
2016-01-09