མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དབྱི་སི་ལམ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་དང་མཚོ་ཁུག་ཨ་རབ་
རྒྱལ་ཁབ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་དང་ཁག་
སོ་སོར་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་22ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རི་ཡ་ཏེར་དབྱི་སི་ལམ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་དབྱི་ཡ་ཏེ་དང་མཚོ་ཁུག་ཨ་རབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཀྲ་ཡི་ཉེ་ལུའོ་དང་ཁག་སོ་སོར་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་སི་ལམ་རྒྱལ་ཁབ་ལ་རང་བྱུང་དང་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཡོད་པ་དང་ཀྲུང་གོ་ནི་ནམ་ཡང་དབྱི་སི་ལམ་རྒྱལ་ཁབ་ཀྱི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་གྲོགས་ཡག་པོ་བཅས་ཡིན། དབྱི་སི་ལམ་མཉམ་ལས་རྩ་འཛུགས་ནི་དབྱི་སི་ལམ་རྒྱལ་ཁབ་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ཡིན་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་ཐུན་མིན་ནུས་པ་འདོན་སྤེལ་གྱིས་དབྱི་སི་ལམ་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་དབྱི་སི་ལམ་རྒྱལ་ཁབ་ཀྱིས་དེ་བས་རྒྱ་ཆེ་བའི་མིག་རྒྱང་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་ལྟ་སྟངས་འཛིན་ནས་སྲིད་ཇུས་ཐད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་གྱིས་ཕྱོགས་སོ་སོས་དོ་ཁུར་བྱེད་ཚད་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་མངའ་ཁོངས་སུ་ཐོན་པའི་གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད་ལ་དབྱི་སི་ལམ་མཉམ་ལས་རྩ་འཛུགས་ཀྱིས་རྒོལ་གཏམ་བཏང་བར་ང་ཚོས་བསྔགས་བརྗོད་བྱེད་ཀྱི་ཡོད།
         དབྱི་ཡ་ཏེས་གསུངས་དོན། དབྱི་སི་ལམ་མཉམ་ལས་རྩ་འཛུགས་ཀྱིས་རླབས་ཆེའི་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དབུས་ཤར་ས་ཁུལ་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་གཞུང་དྲང་ལངས་ཕྱོགས་འཛིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ལྡན་པའི་ཁོངས་མི་གལ་ཆེན་ཞིག་རེད། རྒྱལ་སྤྱིའི་བྱ་བ་ཐག་གཅོད་བྱེད་པའི་རྩ་དོན་གྱི་གནད་དོན་ཐད་དབྱི་སི་ལམ་མཉམ་ལས་རྩ་འཛུགས་དང་ཀྲུང་གོའི་དབར་ལངས་ཕྱོགས་འདྲ་པོ་ཡོད་པས་དབུས་ཤར་ས་ཁུལ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་བྱ་བའི་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
         ཞིས་ཅིན་ཕིང་གིས་བསྟན་དོན། མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་ནི་དབུས་ཤར་མཚོ་ཁུག་ས་ཁུལ་དུ་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་གྱི་རྩ་འཛུགས་ཤིག་རེད། ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་དབར་འབྲེལ་བ་བཙུགས་ནས་ལོ་35སོང་ཚུན་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་འབྲེལ་བ་རིམ་བཞིན་ལེགས་སུ་ཕྱིན་ནས་ཕྱོགས་གཉིས་པོའི་མཉམ་ལས་ཐད་རྨང་གཞི་བརྟན་པོ་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ལྡན་ཡོད། ཕྱོགས་གཉིས་པོས་གསར་འབྱེད་ཡར་བརྩོན་དང་མཐུན་ཆ་དེ་བས་མང་བ་གཅིག་སྒྲིལ་ཐུབ་པ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་རུ་བཏང་ཐོག་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་གཉིས་ཁེ་མཉམ་ལས་ཀྱིས་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་བྱེད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། ཁྱིམ་མཚེས་ལྟ་བུའི་མཛའ་མཐུན་བཅས་ཀྱི་རྩ་དོན་ལ་དམིགས་ནས་གླེང་མོལ་དང་མཉམ་ལས་བྱེད་པ་བརྒྱུད་དབུས་ཤར་མཚོ་ཁུག་གི་ཞི་བདེ་གོང་འཕེལ་མཉམ་གཏོད་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད།
         ཀྲ་ཡེ་ཉིས་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱིས་ཀྲུང་གོ་ཕྱོགས་དང་སྔ་བར་ཕྱི་གསུམ་དུ་འབྲེལ་བ་བཟང་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་དང་འབྲེལ་བ་དེ་བས་ཟབ་པ་ཡོང་རྒྱུའི་ཐད་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་རྒྱལ་ཁབ་ཚང་མས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་དམིགས་བསལ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་པ་རེད།