མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་རི་ཡ་ཏེར་ཕེབས་འབྱོར་ཟིན་ནས་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་
གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་21ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་རི་ཡ་ཏེར་ཕེབས་འབྱོར་ཟིན་ནས་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་
གནང་འགོ་ཚུགས་པ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རི་ཡ་ཏེར་ཕེབས་འབྱོར་བྱུང་ནས་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
         ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་སོ་ཏི་ཨ་རབ་ཀྱི་མཁའ་དབྱིངས་སུ་འབྱོར་སྐབས་སོ་ཏི་ཨ་རབ་ཀྱི་དམག་འཐབ་གནམ་གྲུ་བཞི་ཡིས་དེ་ཕྱོགས་སུ་འཕུར་ཡོང་ནས་སྲུང་སྐྱོང་བྱས་ཤིང་། ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་དང་པོ་དང་སྐར་མ་སོ་ལྔ་ཡོལ་ཙམ་དུ་ཆེད་གཏོང་གནམ་གྲུ་རི་ཡ་ཏེའི་རྒྱལ་པོ་ཧ་ལེ་ཏིའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། ཞིས་ཅིན་ཕིང་གནམ་གྲུ་ནས་བབས་ཕེབས་པའི་སྐབས་སུ་སོ་ཏི་ཨ་རབ་ཀྱི་རྒྱལ་པོའི་ཤུལ་འཛིན་མཁན་མོ་ཧ་མོ་ཏེ་དང་རྒྱལ་དོན་བློན་ཆེན་ཨའེ་པེན་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་སྒོ་ནས་བསུ་བ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་མི་དམངས་ཚོར་ཟོལ་མེད་འཚམས་འདྲི་གནང་བ་དང་སྦྲགས་སྨོན་འདུན་བཟང་པོ་ཡང་ཞུས་ཤིང་། ཞིས་ཅིན་ཕིང་གིས་སོ་ཏི་ཨ་རབ་ནི་ཨ་རབ་དང་དབྱི་སི་ལན་གྱི་རྒྱལ་ཁབ་ཆེན་པོ་ཞིག་རེད་ལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་ཕྱི་འབྲེལ་བཙུགས་པའི་ལོ་26གི་རིང་ཕྱོགས་གཉིས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་སེམས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཤིན་ཏུ་ཆེན་པོ་ཐོབ་ཡོད། ད་རེས་ཀྱི་འཚམས་འདྲིའི་རིང་ངས་རྒྱལ་པོ་ས་ལེ་མེན་མཆོག་དང་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱ་རྒྱུ་དང་། ཀྲུང་སོ་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་སྔར་བས་ཆེན་པོ་དང་སྔར་བས་མགྱོགས་པོ་ཡོང་བ་བྱ་རྒྱུ་ཡིན། ད་རེས་ཀྱི་འཚམས་འདྲི་དེ་གྲུབ་འབྲས་གཟེངས་སུ་ཐོབ་པའི་མཛའ་མཐུན་གྱི་འཚམས་འདྲི་ཞིག་ཏུ་འགྱུར་རྒྱུ་དང་ཀྲུང་སོའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་རྒྱུའི་ཡིད་ཆེས་ཡོད་ལ། ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་མཉམ་སྡེབ་དབར་གྱི་མཉམ་ལས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་པ་ཐོབ་རྒྱུའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།

  
2016-01-09