མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་22ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རི་ཡ་ཏེར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་གིས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱུང་བའི་ཐོག་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་ལས་ཐད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་ནི་ལོ་རྒྱུས་ཡུན་རིང་དང་རིག་གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ད་ཆ་ཕྱོགས་གཉིས་པོར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ལས་འགན་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་ཕན་ཚུན་དཔེ་ལྟ་རེས་དང་སློབ་སྦྱོང་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་གྲ་རྒྱས་ཡོང་བ་བྱེད་འདོད་ཡོད། ངས་2008ལོར་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་མཛའ་གྲོགས་འབྲེལ་བ་འཛུགས་རྒྱུའི་ཐད་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར་བརྟེན། ཕྱོགས་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པར་བསྐྱོད་པ་དང་ཁྱབ་ཁོངས་ཁག་གི་དངོས་ཕན་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ད་ཆ་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་ཞིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་རུ་བཏང་ནས་ལག་གདང་སྦྲེལ་ཏེ་འགྲན་སློང་ལ་ཁ་གཏད་གཅོག་དགོས། ད་ཐེངས་ང་ཚོས་མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པས། ཕྱོགས་གཉིས་པོའི་འཐབ་ཇུས་ཡིད་རྟོན་ཟབ་ཏུ་འགྲོ་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་ཁྲིད་སྟོན་ཐུབ་རྒྱུ་དང་འབྲེལ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་རྒྱ་ཆེར་གཏོང་རྒྱུར་ཕན་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ས་ལེ་མན་གྱིས་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་26སོང་ཚུན། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་པ་མ་ཟད། ཕྱོགས་གཉིས་པོས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་གཞོལ་ཡོད། སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཕན་པ་ཐོབ་རྒྱུ་རེད། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་། མ་འཇོག ནུས་རྒྱུ། སློབ་གསོ། ཚན་རྩལ། ཆ་འཕྲིན་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་སྟེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དང་། དེ་བས་ཡངས་པའི་ཁྱབ་ཁོངས། དེ་བས་ཟབ་པའི་རིམ་པ་བཅས་ཀྱི་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐུགས་ཐག་བཅད་པ་རེད།
         ཕྱོགས་གཉིས་པོས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ། འཐབ་ཇུས་གཉིས་ཕན་བརྟན་གཏོང་བཅས་བྱས་ཏེ་ཕ་རོལ་པོས་དོ་ཁུར་བྱེད་པའི་གནད་དོན་ལ་ཕན་ཚུན་བསམ་ཤེས་དང་ལྟ་རྟོགས་བྱ་རྒྱུ་དང་ཕ་རོལ་པོའི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་རྒྱུའི་སྒྲོམ་གཞིའི་ནང་གི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་ལྕགས་ལམ་དང་། གྲུ་ཁ། གློག་ཁང་། འཕྲིན་གཏོང་། བཟོ་ལས་གླིང་ཁུལ། སྡོད་ཁང་། མ་འཇོག དངུལ་རྩ། འཇིག་རྟེན་འཕུར་སྐྱོད། ཉིང་རྡུལ་ནུས་པ་ཞི་བདེའི་ངང་སྤྱོད་རྒྱུ། ནུས་རྒྱུ་བསྐྱར་སྐྱེས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད། ཕྱོགས་གཉིས་པོས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དེ་གཉིས་ཁེ་གཉིས་ཕན་གྱི་མ་དངུལ་བསྡུ་སྒྲིལ་གྱི་སྟེགས་བུར་འགྱུར་བ་བྱས་ཏེ་ས་ཁོངས་ཀྱི་ཕན་ཚུན་མཐུད་སྦྲེལ་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་མཚོ་ཐོག་མཉམ་ལས་མཐུན་ཚོགས་ཀྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་མོལ་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་སླར་ཡང་སྒོ་ཕྱེ་རྒྱུའི་དགའ་བསུ་ཞུས་པ་མ་ཟད། གྲོས་མོལ་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་དགའ་ཚོར་སྐྱེ་བ་དང་འབྲེལ་ཀྲུང་གོ་དང་མཚོ་ཐོག་མཉམ་ལས་མཐུན་ཚོགས་ཀྱི་རང་མོས་ཚོང་དོན་ཁུལ་སྔ་ཙམ་འཛུགས་རྒྱུར་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་ནུས་རྒྱུའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་རྒྱུའི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས་ཡུན་རིང་བརྟན་ལྷིང་གི་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ནུས་རྒྱུའི་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་རྒྱུའི་མོས་མཐུན་གནང་བ་རེད། ཕྱོགས་གཉིས་པོས་ཡ་རབས་ངང་གླེང་མོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཆོས་ལུགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་དབར་བསམ་ཤེས་དང་ཕན་ཚུན་དཔེ་ལྟ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་། སློབ་གསོ། འཕྲོད་བསྟེན། གསར་འགྱུར། རིག་མཛོད། ན་གཞོན་སོགས་ཁྱབ་ཁོངས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་བདེ་འཇགས་མཉམ་ལས་ཟབ་ཏུ་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ལམ་སྲོལ་གལ་ཆེན་ཁྲོད་ཀྱི་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་དང་དེ་བཞིན་ཐོན་ནུས་ཐད་མཉམ་ལས་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་སྲིད་གཞུང་གི་བསམ་ཤེས་དྲན་ཐོ་》དང་དེ་བཞིན་ནུས་རྒྱུ་དང་། འཕྲིན་གཏོང་། ཁོར་ཡུག རིག་གནས། འཇིག་རྟེན་འཕུར་སྐྱོད། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
         ཕྱོགས་གཉིས་པོས་《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་བ་རེད།