མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དབར་གླེང་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་23ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དབར་གླེང་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁེ་རོའི་ཁུ་པ་ཕོ་བྲང་དུ་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གླེང་མོལ་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨེའི་སྲོལ་རྒྱུན་མཛའ་གྲོགས་དང་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་འབྲས་བུར་ཚད་མཐོའི་གདེང་འཇོག་གནང་ནས། ཀྲུང་ཨེའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་བ་དང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཐོག་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གྲུབ་པ་རེད།
         ཞིས་ཅིན་ཕིང་གིས་ཨེ་ཅིབ་ནི་ཨ་རབ་དང་། ཨ་ཧྥེ་རི་ཁ། དབྱི་སི་ལམ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅས་ཁྲོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། ཀྲུང་ཨེ་འབྲེལ་ལམ་བཙུགས་ནས་ལོ་60སོང་རིང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་རང་སོ་སོའི་གནས་ཚུལ་སྣ་ཚོགས་དང་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་དུས་བབ་ཀྱི་ཚོད་བགམ་ཐེག་ནས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས་བཅས་བྱེད་ཀྱི་ཡོད། དེང་སྐབས་ཀྲུང་ཨེ་རྒྱལ་ཁབ་གཉིས་པོར་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཀྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་སྐབས་འཕྲད་ཡོད། ང་ཚོས་ཨེ་ཅིབ་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་དུ་ཡར་རྒྱས་བཏང་སྟེ་ཀྲུང་ཨེའི་མཛའ་གྲོགས་ཀྱི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཨེ་ཅིབ་ཀྱི་བརྟན་ལྷིང་སླར་གསོ་དང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་ཨེ་ཅིབ་མི་དམངས་ཀྱིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ངས་ད་ཐེངས་འཚམས་འདྲི་བྱེད་རིང་ཀྲུང་ཨེ་ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལོ་ལྔའི་ལག་བསྟར་རྩ་གནད་ཐུན་མོང་ཐོག་འདོན་སྤེལ་བྱས་ཏེ་ཀྲུང་ཨེའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་ཞུ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཐོག་འཐབ་ཇུས་ཀྱི་སྙིང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། ཕྱོགས་གཉིས་པོས་རང་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་འདུན་པ་འབྲེལ་མཐུད་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ནུས་མཉམ་ལས་ཀྱི་དམ་འཛིན་བྱ་གཞི་ཆེན་པོ་གཉིས་ལ་བརྟེན་ནས་ཨེ་ཅིབ་འདི་ཉིད“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་གཙོ་གནད་རྒྱལ་ཁབ་ཅིག་ཏུ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་བར་ཁྱམས་དང་སྲིད་འཛིན་རྒྱལ་ས་གསར་པ་སོགས་རྣམ་གྲངས་ཆེ་གྲས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་འདོད་ཡོད་པ་དང་ཨེ་ཅིབ་ཕྱོགས་དང་ཚོང་དོན་དང་། མ་དངུལ་བསྡུ་སྒྲིལ། འཇིག་རྟེན་འཕུར་གྲུ ནུས་རྒྱུ། མི་ཤུགས་ཐོན་ཁུངས་གསར་སྤེལ། བདེ་འཇགས་སོགས་ཁྱབ་ཁོངས་དང་མཉམ་ལས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུས་ཤར་རྒྱུད་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་བྱས་ཏེ་ང་ཚོ་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དབར་མཉམ་ལས་བྱས་ཏེ་རིག་གནས་དང་། སློབ་གསོ། ཡུལ་སྐོར་བཅས་ཀྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         འདི་ལོའི་ཟླ་9པར་ཞིས་ཅིན་ཕིང་གིས་མགྲོན་བདག་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་པའི་སའེ་ཤིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ནང་གདན་དྲངས་པ་རེད།
         སའེ་ཤིས་ཀྱིས་ཨེ་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་བའི་སྐབས་འདིར་ཀྲུའུ་ཞི་ཞིས་ཅིན་ཕིང་ཨེ་ཅིབ་ཏུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྐུ་ཉིད་ཀྱིས་ད་ཐེངས་འཚམས་འདྲི་གནང་བ་དེས་ཨེ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་རྒྱུ་རེད། ཨེ་ཅིབ་ཀྱིས་ཀྲུང་གོ་དང་ཁྱབ་ཁོངས་ཁག་དབར་མཉམ་ལས་དམ་ཟབ་བྱ་རྒྱུར་གཞོལ་ནས་རང་ངོས་འཕེལ་རྒྱས་ཀྱི་འཆར་འགོད་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དབར་འབྲེལ་མཐུད་བྱེད་པ་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་སྒྲོམ་གཞིའི་ནང་རྨང་གཞིའི་སྒྲིག་བཀོད་སོགས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་པས་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རང་ཉིད་མགྲོན་བདག་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་པའི་ངོས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ནང་གདན་དྲངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་འགངས་ཆེའི་ཐད་ཕན་ཚུན་གཞོགས་འདེགས་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ནི་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་མཛའ་གྲོགས་རོགས་ཟླ་ཡིན་པས་ཨེ་ཅིབ་ཀྱིས་དབུས་ཤར་ས་རྒྱུད་གནད་དོན་ཐད་ཀྱི་ཀྲུང་གོའི་དྲང་གཞག་ལངས་ཕྱོགས་མཐའ་འཁྱོངས་བྱེད་པར་བསྔགས་བརྗོད་བྱ་རྒྱུ་དང་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་མཐུན་སྦྱོར་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         གླེང་མོལ་ཚར་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ལྔའི་ལག་བསྟར་རྩ་གནད་》དང་《དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་21མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བསམ་ཤེས་དྲན་ཐོ་》སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་བ་དང་འབྲེལ་ལྷན་དུ་ཀྲུང་ཨེ་སུའུ་དབྱི་ཧྲེ་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱི་དུས་ཐེངས་གཉིས་པའི་ཡོལ་བ་ཕྱེ་གནང་བ་རེད།