མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་མཛེས་སྡུག་འབྱུང་འགྱུར་མཉམ་དུ་བཏོད་དེ་
ཀྲུང་ཨའི་མི་རིགས་བསྐྱར་དར་ཡོང་བའི་སྦྲེལ་མཐུད་སྔར་ལས་མང་བ་
ཡོང་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་24ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་མཛེས་སྡུག་འབྱུང་འགྱུར་མཉམ་དུ་བཏོད་དེ་
ཀྲུང་ཨའི་མི་རིགས་བསྐྱར་དར་ཡོང་བའི་སྦྲེལ་མཐུད་སྔར་ལས་མང་བ་
ཡོང་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁེ་རོའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་འགོ་བརྗོད་དུ་《ཀྲུང་གོ་དང་ཨ་རབ་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་》ཞེས་འཁོད་པའི་གཏམ་བཤད་གལ་ཆེན་གནང་བའི་ནང་། ཀྲུང་གོ་དང་ཨ་རབ་མི་རིགས་གཉིས་ཕན་ཚུན་ལྷག་བསམ་ཟོལ་མེད་ཡིན་པས་ཡིད་ཆེས་དེ་མེད་པ་བཟོ་ཐབས་བྲལ་བས། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་ཞི་བདེ་དང་། གསར་གཏོད། སྣེ་ཁྲིད། བཅོས་སྐྱོང་། འབྲེལ་འདྲེས་བཅས་ཀྱི་བྱ་སྤྱོད་འདུ་ཤེས་གཏན་ལ་ཕབ་ནས་ཀྲུང་གོ་དང་ཨ་རབ་མི་རིགས་ཆེན་པོ་གཉིས་བསྐྱར་དར་ཡོང་བའི་སྦྲེལ་མཐུད་སྔར་བས་མང་པོ་ཡོང་རྒྱུར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་05ཙམ་ལ། ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཨ་ལ་པི་དང་ཨེ་ཅིབ་ཀྱི་ཙུང་ལི་དབྱི་སི་མེའར་གྱི་ཕེབས་རོགས་འོག་ཞིས་ཅིན་ཕིང་ཞབས་ཐང་དུ་གཏམ་བཤད་གནང་ཡུལ་ཚོམས་ཆེན་ནང་ཕེབས་སྐབས་དེ་གར་ཡོད་པའི་མི་ཚང་མས་ཡར་བཞེངས་ཏེ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ། ཨ་ལ་པིས་ཤིས་ཚིག་གསུངས་ནས་ཞིས་ཅིན་ཕིང་ཨ་རབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་ཕེབས་པར་དགའ་བསུ་ཞུས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་དང་ཐོག་ཨ་རབ་རྒྱལ་ཁབ་དང་མི་དམངས་ལ་བླ་ན་མེད་པའི་གུས་འདུད་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཞིས་ཅིན་ཅིང་གིས་ཡུལ་དུས་ལས་བརྒལ་བའི་འགྲོ་འོང་ནང་ཀྲུང་གོ་དང་ཨ་རབ་མི་རིགས་གཉིས་ཕན་ཚུན་ལྷག་བསམ་ཟོལ་མེད་ཡིན་པ་དང་། གནའ་བོའི་དར་གོས་ལམ་བུའི་ཐོག་འཆམ་མཐུན་རོགས་རེས་བྱེད་པ། མི་རིགས་རང་བཙན་གྱི་འཐབ་རྩོད་ནང་དཀའ་སྡུག་མཉམ་མྱོང་བྱེད་པ། རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སོ་སྲུང་རོགས་རེས་བཅས་བྱས་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས་དབུས་ཤར་ས་ཁུལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཡིན་མོད། འོན་ཀྱང་ད་བར་དམག་འཁྲུག་དང་གདོང་ཐུག་གི་འཆིང་རྒྱ་ལས་གྲོལ་ཐུབ་མེད། གདོང་ཐུག་དང་སྡུག་བསྔལ་ཉུང་ཙམ་དང་། ལྷིང་འཇགས་དང་ལ་རྒྱ་ལྡན་པ་མང་ཙམ་ཡོང་བ་བྱ་རྒྱུ་ནི་དབུས་ཤར་ས་ཁུལ་མི་དམངས་ཀྱི་འདུན་པ་ཡིན། མི་མཐུན་པའི་འགལ་བ་སེལ་བར་ཕན་ཚུན་དབར་སྐད་ཆ་ཤོད་རེས་བྱ་རྒྱུ་ནི་འགག་རྩ་ཡིན། དྲག་ཤུགས་ཀྱིས་དཀའ་རྙོག་སེལ་མི་ཐུབ་པས་གདོང་ཐུག་བྱུང་བའི་ཕྱོགས་སོ་སོས་ཆབ་སྲིད་ལ་སྐུལ་མ་བཏང་ནས་དཀའ་རྙོག་སེལ་རྒྱུར་བསྡིགས་དགོས། དཀའ་གནད་ལས་གྲོལ་བ་བྱེད་པར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་འགག་རྩ་ཡིན། འགྲོ་ལམ་འདེམས་པར་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་བྱ་རྒྱུ་ནི་འགག་རྩ་ཡིན། རྒྱལ་ཁབ་གཅིག་གི་འཕེལ་རྒྱས་ལམ་བུ་ནི་རྒྱལ་ཁབ་དེའི་མི་དམངས་ཀྱིས་རང་རང་གི་ལོ་རྒྱུས་རྒྱུན་འཛིན་དང་། རིག་གནས་སྲོལ་རྒྱུན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་བཅས་ལ་གཞིགས་ནས་ཐག་གཅོད་དགོས་ཞེས་གསུངས།
         ཞིས་ཅིན་ཕིང་གིས་ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་གྱི་མི་རིགས་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཕ་ལེ་སི་ཐན་གྱི་གནད་དོན་དེ་ཁེར་རྐྱང་དུ་མ་ལུས་པ་ངེས་པར་དུ་བྱེད་དགོས་ལ་འཛམ་གླིང་གིས་དེ་བས་བརྗེད་རྒྱུ་མེད། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་ས་ཁུལ་ཞི་བདེ་ཡོང་བའི་འབྱུང་རྩའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབང་གཏན་རྩོད་མེད་ཡོང་བའི་ཁར་བསྐྱར་དུ་གྲོས་མོལ་དང་ཞི་བའི་གྲོས་མོལ་དོན་འཁྱོལ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་དང་། དྲང་གཞག་དང་དྲང་བདེན་ཡོང་བ་བྱ་རྒྱུ་གཉིས་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞེས་གསུངས།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པར་ནུས་ཁུངས་མཉམ་ལས་བྱ་རྒྱུ་རྐང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཉོ་ཚོང་མ་འཇོག་སྟབས་བདེ་ཡོང་བར་བྱ་རྒྱུ་གཤོག་གཉིས། ཉིང་རྡུལ་ནུས་པ་དང་། མཁའ་སྐྱོད་སྲུང་སྐར། ནུས་རྒྱུ་གསར་པ་བཅས་ཁྱབ་ཁོངས་གསར་པ་ཆེ་གྲས་གསུམ་ཚད་བརྒལ་ཡོང་གཞི་བྱེད་པའི“1+2+3”མཉམ་ལས་བྱེད་སྟངས་ལ་ཕན་པ་རགས་ཙམ་ཐོན་ནས་རྩེ་རིམ་ཇུས་འགོད་ཉིན་བཞིན་འཐུས་ཚང་དུ་སོང་སྟེ་དངོས་འཛིན་མཉམ་ལས་བྱ་བར་གསོན་ཤུགས་རྒྱས་པ་དང་རིག་སྐྲུན་སྤེལ་རེས་བྱ་བ་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད། ང་ཚོས་འབྱུང་འགྱུར་གྱི་འགག་རྩའི་ལོ་5ཡི་དུས་ཚོད་དམ་འཛིན་ནན་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་དབུས་ཤར་ས་ཁུལ་ཞི་བདེ་ཡོང་བའི་འཛུགས་སྐྲུན་པ་དང་། དབུས་ཤར་ས་ཁུལ་འཕེལ་རྒྱས་གཏོང་བའི་སྐུལ་གཏོང་བ། དབུས་ཤར་ས་ཁུལ་བཟོ་ལས་ཅན་དུ་འགྱུར་བའི་སྐུལ་སྤེལ་བ། དབུས་ཤར་ས་ཁུལ་བརྟན་ལྷིང་ཡོང་བའི་རྒྱབ་སྐྱོར་མཁན། དབུས་ཤར་ས་ཁུལ་གྱི་དམངས་སེམས་འབྲེལ་འདྲེས་བྱེད་པའི་མཉམ་ལས་རོགས་ཟླ་བཅས་སུ་འགྱུར་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་གཅིག་སེམས་གཅིག་གཏད་དང་དཔུང་གཤིབས་ཡར་འཛེགས་ཐོག་ནས་ཀྲུང་གོ་དང་ཨ་རབ་དབར་གྱི་མཛའ་མཐུན་མཉམ་ལས་ཟབ་ཏུ་གཏོང་བར་འབད་བརྩོན་དང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།