མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་25ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐེ་ཧེ་རན་ས་ཏེ་ཨ་པ་ཏེ་རྒྱལ་པོའི་ཕོ་བྲང་དུ་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་གནང་བ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱས་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུར་མོས་མཐུན་གཅིག་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་རན་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་རེད། ལོ་ངོ་2000ལྷག་ཙམ་གོང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་གནའ་བོའི་དར་གོས་ལམ་བུ་བརྒྱུད་ནས་མཛའ་གྲོགས་འགྲོ་འོང་བྱས་པས་བརྩེ་སེམས་ཟབ་མོ་ཆགས་ཡོད། ལོ་རྒྱུས་ཐོག་རྒྱལ་ཁབ་གཉིས་པོའི་དབར་དམག་འཁྲུག་དང་རྩོད་གཞི་བྱུང་མེད་པར་་དེ་བས་ལོ་རྒྱུས་ཡུན་རིང་ལྡན་པའི་མཛའ་གྲོགས་འགྲོ་འོང་དང་ཟོལ་མེད་མཉམ་ལས་བྱས་ཡོད་པ་དང་། དོན་དངོས་ཁྲོད་གཞི་རྩའི་འགལ་ཟླ་བྱུང་མེད་པར་སྔ་བར་ཕྱི་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་གཉིས་ཁེ་གཉིས་ཕན་ཡོང་ཐབས་བྱས་ཡོད། ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་དེ་ལོ་རྒྱུས་ཐོག་མཛའ་གྲོགས་འགྲོ་འོང་དང་། དཀའ་ཚེགས་ཆེ་བའི་དུས་སུ་ཕན་ཚུན་རྒྱབ་སྐྱོར། གནད་དོན་གལ་ཆེའི་ཐད་སྒེར་སེམས་མེད་པར་རྒྱབ་སྐྱོར། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འདུ་ཤེས་འཆང་བ་བཅས་བྱས་པ་ལས་བྱུང་བ་དང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བའི་ཚོད་བགམ་བརྒྱུད་ཡོད། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་བདེ་བླག་ངང་དོན་འཁྱོལ་ཐུབ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རེ་བ་བྱེད་ཀྱི་ཡོད། དབྱི་རན་གྱིས་བྱ་ཐབས་གསར་པའི་ཐོག་ནས་ས་ཁུལ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་འདོན་སྤེལ་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ལ་དབྱི་རན་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། ཚོང་དོན། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་གཉིས་ཕན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
          ཞིས་ཅིན་ཕིང་གིས་བསྟན་དོན། ས་ཁུལ་དང་རྒྱལ་ཁབ་དང་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཆབ་སྲིད་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་ལམ་བུ་རང་རྟེན་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་བརྩི་འཇོག་དང་རྒྱབ་སྐྱོར་ཞུ་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་འདོད་ཡོད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་ཁག་ཏུ་དོན་གཉེར་མཉམ་ལས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ནུས་རྒྱུའི་མཉམ་ལས་དེ“རྨང་རྡོ”ཞིག་ཏུ་བརྩིས་ནས་ནུས་རྒྱུའི་ཁྱབ་ཁོངས་ནང་ཡུན་རིང་བརྟན་ལྷིང་གི་མཉམ་ལས་འབྲེལ་བ་འཛུགས་དགོས་པ་དང་། ཕན་ཚུན་འབྲེལ་མཐུད་ཀྱི་མཉམ་ལས་དེ“ཤུགས་རྒྱག་གཞི”ཞིག་ཏུ་བརྩིས་ནས་ལྕགས་ལམ་དང་། གཞུང་ལམ། གྲུ་ཁ། གཏེར་རྫས། འཕྲིན་གཏོང་། ལས་གྲྭའི་འཕྲུལ་ཆས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱས་ཏེ་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་དགོས་པ། ཐོན་ནུས་ཀྱི་མཉམ་ལས་དེ“ཕྱོགས་སྟོན་འཁོར་ལོ”ཞིག་ཏུ་བརྩིས་ནས་དཔལ་འབྱོར་ཐོན་ལས་ཀྱི་སྲིད་ཇུས་འབྲེལ་གཏུག་དང་འབྲེལ་མཐུད་ཡོང་རྒྱུར་ཤུགས་སྣོན་གྱིས་རྒྱལ་ཁབ་གཉིས་པོའི་ལེགས་ཆ་གསབ་རེས་དང་ཁེ་ལས་དབར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་བ་དང་། ཁྱབ་རྒྱ་ཆེ་བ། སྣ་མང་ཅན་བཅས་ཀྱི་ཐོན་ནུས་མཉམ་ལས་ཀྱི་རྣམ་པ་ཞིག་གཏོད་དགོས་པ། དངུལ་རྩའི་མཉམ་ལས་དེ“སྐུལ་འདེད་གཏོང་མཁན”ཞིག་ཏུ་བརྩིས་ནས་དངུལ་རྩའི་མཉམ་ལས་བྱ་ཐབས་གསར་པར་གྲོས་ཞིབ་དང་ཞིབ་འཇུག་ཧུར་ཐག་བྱས་ཏེ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
         ལུའུ་ཧ་ཉིས་གསུངས་དོན། ཀྲུའུ་ཞི་ཞིས་ཅིན་ཕིང་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་ཐུབ་རྗེས་དབྱི་རན་དུ་འཚམས་འདྲིར་ཕེབས་མཁན་ཕྱི་རྒྱལ་གྱི་གཙོ་བདག་དང་པོ་དེ་རེད། དེ་ཐོག་ནས་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་དགེ་མཚན་ལྡན་པའི་མཛའ་གྲོགས་འབྲེལ་བའི་ཆུ་ཚད་མངོན་གྱི་ཡོད། ད་ཐེངས་འཚམས་འདྲི་གནང་བ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཏུ་འགྱུར་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་བྱ་བའི་ཁྲོད་ནུས་པ་གལ་ཆེན་བཏོན་པར་དབྱི་རན་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་ལུགས་བློ་ལ་བརྟན་པོར་ངེས་ཡོད། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ངོས་འཛིན་གཅིག་གྱུར་གལ་ཆེན་མང་དག་བྱུང་ནས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དང་དེ་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འགོ་འཛུགས་ས་གསར་པ་དང་རྩ་འཛིན་ཞིག་ཏུ་བརྩིས་ནས་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུར་མོས་མཐུན་གཅིག་མཐུན་གནང་བ་རེད། ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་དང་རིམ་པ་ཁག་དབར་སྤེལ་རེས་བྱེད་ཁྱོན་ཆེ་རུ་བཏང་ནས་ཕྱོགས་སོ་སོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ཁུལ་དུ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་འཇགས་མཉམ་ལས་ཡོང་བ་བྱས་ཏེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་རིག་མཛོད་དང་། མཐོ་སློབ། གཞོན་ནུ་བཅས་ཀྱི་དབར་སྤེལ་རེས་ལ་སྐུལ་འདེད་བཏང་ནས་མཉམ་དུ་ཁུང་ཙེའི་སློབ་གླིང་ཡག་པོ་གཉེར་ཏེ་གསར་འགྱུར་དང་ཡུལ་སྐོར་ཐད་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་མི་སྣའི་དབར་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་རྒྱུས་མངའ་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         གྲོས་མོལ་གནང་རྗེས་ཞིས་ཅིན་ཕིང་དང་ལུའུ་ཧ་ཉི་རྣམ་གཉིས་ཀྱིས་《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་བསམ་ཤེས་དྲན་ཐོ་》དང་དེ་བཞིན་ནུས་རྒྱུ་དང་། ཐོན་ནུས། དངུལ་རྩ། མ་འཇོག འཕྲིན་གཏོང་། རིག་གནས། ཁྲིམས་འཛིན། གསར་འགྱུར། འགག་སྒོ གནམ་གཤིས་འགྱུར་ལྡོག མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།