མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་2016“ཀྲུང་ཨའི་ཡུལ་སྐོར་ལོ”ཡི་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན།  2016“ཀྲུང་ཨའི་ཡུལ་སྐོར་ལོ”ཡི་འགོ་ཚུགས་མཛད་སྒོ་ཟླ་2ཚེས་29ཉིན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་བཏང་གནང་བ་རེད།
          ཞིས་ཅིན་ཕིང་གིས་2016“ཀྲུང་ཨའི་ཡུལ་སྐོར་ལོ”ཡི་བྱེད་སྒོ་ཐུན་མོང་དུ་སྤེལ་རྒྱུ་ནི་ང་ན་ནིང་ཟླ་དགུ་པར་ཨ་རིར་རྒྱལ་དོན་འཚམས་འདྲིར་སྐྱོད་རིང་ཕྱོགས་གཉིས་པོའི་དབར་གྲོས་མཐུན་བྱུང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། 2016“ཀྲུང་ཨའི་ཡུལ་སྐོར་ལོ”ཡི་བྱེད་སྒོ་སྤེལ་འགོ་ཚུགས་པའི་དུས་དེར་ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་པ་དང་སྦྲགས་མི་སྒེར་གྱི་མིང་ཐོག་ནས་ཡུལ་སྐོར་ལོའི་བྱེད་སྒོ་སྤེལ་འགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཐག་རིང་ནས་ཕེབས་པའི་གྲོགས་པོ་ཨ་རི་བ་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་པའི་ལོ་37གྱི་རིང་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཀྲུང་ཨའི་དབར་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་གལ་ཆེན་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོ་ཞིག་གི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་མཐུན་སྦྱོར་དང་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ད་དུང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་ཡང་བཏང་ཡོད་ཅེས་བསྟན་གནང་ཡོད་པ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་འོད་སྟོང་རབ་ཏུ་འབར་བའི་རིག་གནས་དང་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཚང་མར་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་རྒྱུ་དང་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་འདུན་པ་ཆེན་པོའང་ཡོད། ཕྱོགས་གཉིས་པོས་ཡུལ་སྐོར་ལོ་ཡི་བྱེད་སྒོ་སྤེལ་བའི་སྐབས་དང་བསྟུན་ཏེ་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་དང་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཡོང་ཕྱིར་དམངས་འདུན་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་པོ་ཞིག་འདིང་རྒྱུའི་རེ་བ་ཡོད། གྲོགས་པོ་ཨ་རི་བ་སྔར་བས་མང་པོ་ཀྲུང་གོར་ཡུལ་སྐོར་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། 2016“ཀྲུང་ཨའི་ཡུལ་སྐོར་ལོ”ཡི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།