མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ———ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ལ་སྔར་བས་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་ཏེ་གྲུབ་ཆ་ལེགས་གྱུར་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། རིག་དངོས་སྲུང་སྐྱོབ་དང་ལུགས་མཐུན་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་བཀོད་སྒྲིག་གིས་རིག་གནས་ཀྱི་འབྱུང་རྩ་རྒྱུན་འཛིན་བྱས་ནས་མི་རིགས་ཀྱི་སྙིང་སྟོབས་གཅིག་ཏུ་འགྲིལ་རྒྱུ་ཡིན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ལ་སྔར་བས་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་ཏེ་གྲུབ་ཆ་ལེགས་གྱུར་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། རིག་དངོས་སྲུང་སྐྱོབ་དང་ལུགས་མཐུན་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་བཀོད་སྒྲིག་གིས་རིག་གནས་ཀྱི་འབྱུང་རྩ་རྒྱུན་འཛིན་བྱས་ནས་མི་རིགས་ཀྱི་སྙིང་སྟོབས་གཅིག་ཏུ་འགྲིལ་རྒྱུ་ཡིན་པ་རེད།
         ཚོགས་འདུའི་ཐོག་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་བཏང་ནས་ཐོན་ལས་དེ་ཉིད་རིམ་པ་འབྲིང་མཐོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་གཏོང་རྒྱུར་ཕན་པ་ཡོད་པ་ཞིག་ཡིན་ལ་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་དམ་འཛིན་བྱེད་གཞི་གལ་ཆེན་དང་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ལོ་གཉིས་རིང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཕྱོགས་ཁག་གི་འབད་བརྩོན་འོག་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཆ་མཚོན་ན་ཞིབ་སྤེལ་ཁྱབ་གདལ་དང་ལག་རྩལ་ཆུ་ཚད་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཐོན་འཚོང་མགྱོགས་མྱུར་འཕར་ཡོད། གོམ་སྟབས་རྗེས་མར་ཁྲོམ་རའི་སྟོན་ཕྱོགས་དང་གསར་གཏོད་སྒུལ་ཤུགས་མཐའ་འཁྱོངས་བྱེད་པ་དང་། ཀུན་གྱིས་བྱ་གཞག་གཏོད་པ་དང་དམངས་ཀྱིས་གསར་གཏོད་བྱ་རྒྱུར་བརྟེན་པ། སྲོག་ཤིང་ལག་རྩལ་འགག་སྒྲོལ་ཧུར་ཐག་བྱེད་པ་དང་འཇུར་མིག་ཚོད་འཛིན་མེད་པ་བཟོ་བ་བཅས་ཀྱི་ཐོག་ནས་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་རིག་དངོས་ནི་བསྐྱར་སྐྱེས་མི་ཐུབ་པའི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ཤིག་དང་རྒྱལ་ཁབ་ཤེས་དཔལ་གྱི“གསེར་གྱི་མིང་བྱང”ལྟ་བུ་ཞིག་ཡིན། རིག་དངོས་སྲུང་སྐྱོབ་དང་། དོ་དམ། ལུགས་མཐུན་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་། རྒྱལ་དམངས་ཀྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་རྒྱུ། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། ཚོགས་འདུའི་ཐོག་གཅིག་ནས་སྲུང་སྐྱོང་ལ་སྣང་ཆེན་བྱེད་དགོས་ཤིང་། རིག་དངོས་སྲུང་སྐྱོབ་ཀྱི་འཆར་གཞི་འགོད་པ་དང་ལག་བསྟར་བྱས་ནས་ཉེན་ཁའི་གནས་ཚུལ་ཚབས་ཆེན་གནས་པའི་རིག་དངོས་ལ་དུས་ཐོག་ཏུ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱེད་དགོས་པ་དང་། དངོས་བཤིག་རྫུན་བཙུགས་དང་རྙིང་བཤིག་གསར་སྐྲུན་སོགས་གཏན་འགོག་ནན་པོ་བྱེད་དགོས། རྩ་ཆེའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭར་སྐུལ་འདེད་བཏང་ནས་རིག་དངོས་ཨར་སྐྲུན་གྱི་མེ་ཟོན་དང་། གནའ་བོའི་རྗེས་ཤུལ། གནའ་བོའི་དུར་ས་སོགས་རྐུན་འགོག་གཏོར་འགོག་སྒྲིག་ཆས་དུས་ཚོད་དམ་འཛིན་བྱས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་དོ་དམ་དང་ཁྲིམས་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། རིག་དངོས་ཐོ་འགོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་རིག་དངོས་ཐོན་ཁུངས་ཀྱི་གྲངས་འཛིན་མཛོད་བསྐྲུན་དགོས། རིག་དངོས་ཁྲིམས་འགལ་གྱོད་གཞི་དང་བདེ་འཇགས་ལས་འཛོལ་ཚབས་ཆེན་ལ་བརྟག་ཞིབ་དང་སྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་རིག་དངོས་རྐུ་བ་དང་གཏོར་སྐྱོན་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། རིག་དངོས་སྲུང་སྐྱོབ་འགན་འཁྲིའི་ཚེ་གང་བདའ་འདེད་ལམ་ལུགས་འཛུགས་དགོས། གསུམ་ནས་ལུགས་མཐུན་ངང་བེད་སྤྱོད་འཚམ་པོ་བྱེད་དགོས་ཤིང་། རྟེན་རྫས་བཤམས་མཛོད་ཁང་དེ་བས་མང་བ་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་རིགས་ཀྱི་རིན་མེད་སྒོ་དབྱེའི་ཁྱབ་ཁོངས་ནང་འཇུག་དགོས། ཡུལ་སྐོར་ལས་རིགས་ཁྲོད་ཀྱི་རིག་དངོས་ཐོན་ཁུངས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་རིག་གནས་དངོས་མང་སྟོན་ཚོགས་གསར་གཏོད་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རང་མོས་ངང་མ་དངུལ་བཏང་ནས་གྲོང་ཁྱེར་དང་རྫོང་རིམ་པའི་སྤོ་སྒྱུར་མི་ཐུབ་པའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱས་རིགས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་དབང་བའི་དབང་ཆར་འགྱུར་བ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་བཀག་ངེས་ཅན་ལྡན་པའི་བེད་སྤྱོད་དབང་ཆ་སྤྲོད་དགོས། བཞི་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རིག་དངོས་སྲུང་སྐྱོབ་ཀྱི་འགྲོ་གྲོན་གཏོང་ཤུགས་ལ་འགན་ལེན་བྱས་ནས་རིག་དངོས་སྲུང་སྐྱོབ་ཀྱི་འགན་བཅོལ་ཐོན་རྫས་འཚོལ་ཞིབ་ཀྱིས་གཏོད་དགོས། དམངས་ཁྲོད་རིག་དངོས་ཁྲིམས་མཐུན་ཉར་ཚགས་བྱ་རྒྱུའི་སྐུལ་ལྕག་བྱས་ནས་རྒྱལ་ཁབ་ལ་དབང་བ་མིན་པའི་རྟེན་རྫས་བཤམས་མཛོད་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཚོན་ཁྲ་ཅན་གྱིས་ལྡེབས་རིས་དང་། ཤོག་རིགས་རིག་དངོས། འཁེལ་འཐག་ཐོན་རྫས་སོགས་ལ་སྲུང་སྐྱོབ་བྱ་རྒྱུར་དམིགས་ནས་གཙོ་གནད་ཚན་རྩལ་དཔེ་སྟོན་ལས་གྲྭ་ཁག་གཅིག་ལག་བསྟར་བྱེད་དགོས། ལྔ་ནས་རིག་གནས་དངོས་མང་སྟོན་ཚོགས་དང་རིག་དངོས་སྲུང་སྐྱོབ་ཉམས་གསོ་སོགས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། རྒྱ་ཆེའི་རིག་དངོས་ཐོན་ཁུངས་ལ་བརྟེན་ནས་མི་ཆོས་འབྱུང་རྩ་གསོ་སྤེལ་དང་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།