མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ཁའེ་ཧྲན་ཤང་ཁོངས་སུ་རི་ཉིལ་གནོད་འཚེ་བྱུང་བར་
ཉེན་སེལ་མྱུར་སྐྱོབ་ལས་དོན་སྤེལ་རྒྱུའི་སྐོར་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 17:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གྱི་ཆུ་ཚོད་5:00ལྷག་ཙམ་ལ་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཐའེ་ཉིང་རྫོང་གི་ཁའེ་ཧྲན་ཤང་ཁོངས་སུ་རི་ཉིལ་གནོད་འཚེ་བྱུང་སྟེ་ཁྲི་ཐན་ཆུ་ཤུགས་གློག་འདོན་ཁང་གི་གཞུང་ལས་ཐོག་ཁང་གཅིག་ཆུས་གཤིག་པ་དང་། ལས་གཞི་ལས་ཡུལ་གྱི་ཞག་སྡོད་ལས་ཁང་སྟབས་བདེ་གཅིག་ས་སྦས་བཏང་བ་རེད། ཚེས་9ཉིན་གྱི་ཆུ་ཚོད་12:00ཡི་སྐབས་སུ་རི་ཉིལ་གནོད་འཚེ་བྱུང་ཡུལ་ནས་རྐྱེན་ལམ་དུ་ཤོར་བའི་མི་19ཡི་བེམ་པོ་རྙེད་པ་དང་། ད་དུང་འབྲེལ་བ་བྱེད་ཐུབ་མེད་པའི་མི་20ཡོད་པ་རེད།
         གནོད་འཚེ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་སྟེ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས་ཧྥུའུ་ཅན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་མགྱོགས་མྱུར་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་མྱུར་སྐྱོབ་ལས་དོན་སྤེལ་ནས་ཤུགས་གང་ཡོད་ཀྱིས་བསྐོར་སྐྱིལ་ཐེབས་པ་དང་ག་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་བྱེད་དགོས་པ་དང་། ཤུགས་གང་ཡོད་ཀྱིས་མི་སྣ་ཤི་རྨས་བྱུང་གྲངས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་མ་ཟད། རྨས་མ་སྲོག་སྐྱོབ་སྨན་བཅོས་དང་ཤི་རྨས་བྱུང་བའི་མི་སྣའི་གཉེན་ཉེ་ཚོར་སེམས་གསོ་བདེ་སྐྱོང་སོགས་ཀྱི་ལས་མཇུག་ལེགས་བསྡུས་ཀྱི་ལས་ཀའང་ལེགས་འགྲུབ་འོས་འཚམས་བྱེད་དགོས་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པར་མྱུར་སྐྱོབ་བྱེད་རྒྱུར་དོ་སྣང་བྱས་ཏེ་ཞོར་ཐོན་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ས་གནས་དང་ཁེ་ལས་ཀྱིས་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་བྱེད་པར་མཛུབ་སྟོན་བྱེད་པ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་སྟོབས་ཤུགས་ཡོད་རྒུས་ས་སྦས་ཐེབས་པའི་མི་སྣ་མྱུར་སྐྱོབ་དང་རྨས་མ་སྲོག་སྐྱོབ་སྨན་བཅོས་བྱེད་དགོས་པ་དང་། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ་ཡིས་སྣེ་ཁྲིད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་བཙུགས་ནས་གནོད་འཚེ་བྱུང་ཡུལ་དངོས་སུ་བསྐྱོད་ནས་ས་གནས་ཀྱིས་མྱུར་སྐྱོབ་ལས་དོན་ལེགས་སྤེལ་བྱེད་པར་མཛུབ་སྟོན་བྱེད་དགོས་ཤིང་། རྒྱལ་ཁབ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་འབྲེལ་ཡོད་སྡེ་ཁག་གིས་ས་གནས་ཁག་ཀྱིས་མངོན་མེད་གནོད་འཚེ་སྣ་ཚོགས་རྩད་ཞིབ་ལེགས་པོ་སྔར་ལས་ལྷག་པར་བྱེད་པར་མཛུབ་སྟོན་དང་རོགས་སྐྱོར་བྱ་དགོས་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱ་ཐབས་ལ་དོན་ཐོག་ཏུ་འཁྱོལ་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
          ཞིས་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱར་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་གནོད་འཚེ་བྱུང་ཡུལ་དངོས་སུ་མྱུར་སྐྱོབ་ལས་དོན་ལ་མཛུབ་སྟོན་གནང་བར་མགྱོགས་མྱུར་སྐྱོད་བཞིན་ཡོད་པ་དང་། ཧྥུའུ་ཅན་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་གནོད་འཚེ་བྱུང་ཡུལ་དངོས་སུ་བསྐྱོད་དེ་བཀོད་འདོམས་བྱས་ནས་ཉེན་སེལ་མྱུར་སྐྱོབ་ལས་དོན་ཛ་དྲག་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།