མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཁེ་ལི་མོ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཁེ་ལི་མོ་ཕུའུ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་ཁུ་ཁེ་ས་ལེ་རྒྱལ་མགྲོན་ཁང་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཁེ་ལི་མོ་ཕུའུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་གཏན་འཁེལ་གཅིག་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་2012ལོར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན་ཕྱོགས་གཉིས་པོའི་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ་མཉམ་ལས། འཐབ་ཇུས་མཐུན་སྦྱོར་བཅས་ཕྱོགས་ཡོངས་ནས་སྐུལ་འདེད་བྱུང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་གཞོགས་འདེགས་དམ་ཟབ་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གྲུབ་འབྲས་དངོས་དེ་བས་མང་བ་ཐོབ་པ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རང་སོ་སོའི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་ཉོ་ཚོང་དང་། ཐོན་ནུས། ནུས་རྒྱུ། ཞིང་ལས། དངུལ་རྩ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་ཏེ་དོན་གཉེར་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བར་བརྟེན་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས། བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེ་རུ་བཏང་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་དགོས། རྒྱལ་སྤྱིའི་བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཁེ་ལི་མོ་ཕུའུ་ཡིས་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོ་ནི་ཁྱིམ་མཚེས་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་ད་ཐེངས་ཨུ་ཟ་བྷེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དེས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་གཉིས་ཁེ་མཉམ་ལས་འཕེལ་རྒྱས་གཏིང་ཟབ་བྱུང་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་རྒྱབ་སྐྱོར་བྱས་ནས་ཐའེ་དབན་དང་བོད་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་། དམངས་འཚོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། བདེ་འཇགས། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད་ལ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་གཏན་འཁེལ་གནང་བ་རེད།
         ཕྱོགས་གཉིས་པོས་མངའ་ཁོངས་དང་། བདག་དབང་། བདེ་འཇགས་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་མུ་མཐུད་དེ་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕར་ཕྱོགས་ཀྱིས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་དོན་གཉེར་མཉམ་ལས་ཀྱི་གཙོ་རྐང་དུ་བརྩིས་ནས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱེད་པ། ཐོན་ནུས་མཉམ་ལས་ཧུར་ཐག་བྱེད་པ། ཅི་ཀྲ་ཁེ་བཟོ་ལས་གླིང་དེ་ཉིད་ཐོན་ནུས་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་དུ་སྐྲུན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེ་རུ་གཏོང་བ། ནུས་རྒྱུ་མཉམ་ལས་གཏིང་ཟབ་བྱེད་པ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཞིང་ལས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་གཙོ་གནད་མཉམ་ལས་རྣམ་གྲངས་ལ་དངུལ་རྩའི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་བཏང་ནས་རིག་གཞུང་སྒྲིག་གཞི་དང་། ཚན་ཞིབ་ཁང་སློབ། རིག་རྩལ་ཚོགས་པ། དམངས་ཁྲོད་ཚོགས་པ་བཅས་དབར་གྱི་སྤེལ་རེས་རྒྱ་ཆེ་རུ་བཏང་སྟེ་རང་རྒྱལ་ཁབ་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཕན་ཚུན་འོས་སྦྱོར་ངོ་སྤྲོད་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         ད་དུང་ཕྱོགས་གཉིས་པོས“ཕྱོགས་གཏོགས་གསུམ”ལ་མཉམ་དུ་རྡུང་རྡེག་ཚ་ནན་བཏང་ནས་དྲ་རྒྱའི་བདེ་འཇགས་དང་དུག་འགོག་ལས་དོན་ཧུར་ཐག་སྤེལ་བ་དང་། རྒྱལ་སྒྲོལ་རྩ་འཛུགས་རྣམ་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཐད་མཉམ་ལས་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ལ་མཚན་རྟགས་བཀོད་གནང་བ་དང་འབྲེལ་ཕྱི་འབྲེལ་དང་། དཔལ་འབྱོར་ཉོ་ཚོང་། ཤེས་བྱའི་བདག་དབང་། མ་དངུལ་བསྡུ་སྒྲིལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་གནང་བ་རེད།
         མཇུག་ཏུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།