མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་05ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱིས་རྒྱུན་གཏན་རང་བཞིན་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་ཕྱོགས་གཙོ་བོ་དང་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱས་ཏེ་ཕན་ཚུན་དབར་དོ་ཁུར་ཆེ་བའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་ངེས་རེད། ཕྱོགས་གཉིས་པོས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་ཚོང་དོན་གཏིང་ཟབ་ཏུ་གཏོང་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་ལས་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་བ་མ་ཟད། མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། ཚན་རྩལ། ཞིང་ལས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྣམ་གྲངས་ཆེ་མོའི་མཉམ་ལས་ལ་སྐུལ་མ་བརྟན་པོ་གཏོང་བ། ས་གནས་རིམ་པའི་སྤེལ་རེས་དང་མཉས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ས་ཁུལ་གྱི་དྲ་སྦྲེལ་འབྲེལ་མཐུད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་འཇིགས་རྒོལ་དང་རྒྱལ་མཚམས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཁྲིམས་འཛིན་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ས་ཁུལ་དེའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། སྨན་བཅོས། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་དགོས་ངེས་ཡིན་པའི་ནན་བཤད་གནང་བ་རེད།