མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཞིས་ཅིན་ཕིང་གིས་མཛུབ་སྟོན་
གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། མ་ལག་འཛུགས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།  
         ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ལྟ་ཞིབ་མ་ལག་གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་རྒྱལ་ཡོངས་བདེ་འཇགས་ལྟ་སྐུལ་དོ་དམ་ལྟ་ཞིབ་མ་ལག་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཁར་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་དེ་མི་དམངས་ཀྱི་བདེ་སྐྱིད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བདེ་འཇགས་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་སྡེ་ཚན་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་བདེ་འཇགས་གོང་འཕེལ་གྱི་འདུ་ཤེས་ལག་བསྟར་བྱས་པ་དང་ལེགས་སྐྱེས་འབུལ་འདོད་པ་དང་ལས་དོན་ཏན་ཏིག་བསྒྲུབས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རིམ་ཁག་བདེ་འཇགས་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་སྡེ་ཚན་གྱིས་འཕེལ་རྒྱས་གཏོང་རིང་བདེ་འཇགས་བློས་གཏན་ནས་མི་གཏོང་བའི་དམར་ཐིག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དམིགས་བསལ་ལས་འཛོལ་ཚབས་ཆེན་དོགས་ཟོན་བྱ་རྒྱུ་གཙོ་གནད་དུ་བྱེད་པ། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། མ་ལག་འཛུགས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་མགྱོགས་མྱུར་སྒྱུར་བཅོས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་སྲིད་འགན་མཚུངས་དང་། གནས་གཅིག་འགན་གཉིས། མཉམ་འཛིན་སྤྱི་སྒྲུབ། འགན་འཛོལ་འགན་འདེད་བཅས་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཁར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བདེ་འཇགས་ཐོན་སྐྱེད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་དང་འགན་སྲུང་གལ་ཆེན་ཞིག་ཡིན། ད་ཕན་ལོ་ཤས་ནང་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་མ་ལག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་འཐབ་ས་དང་པོར་སྐྱོད་པ་དང་། འགན་ཁུར་ཕོད་པ། དཀའ་སྤྱད་ལེགས་སྐྱེས་འབུལ་བ་བཅས་ཀྱི་མིག་དཔེ་དང་དཔེ་མཚོན་མང་དག་ཐོན་དང་འདོན་བཞིན་ཡོད། དེར་བརྟེན་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་སྦྲགས་ཁྱེད་རྣམ་པ་བརྒྱུད་མ་ལག་ཡོངས་ཀྱི་རྒྱ་ཆེའི་ལས་བཟོར་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན། མིག་སྔར་རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས་ལས་དོན་སྒྲུབ་སྐབས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། དམར་ཐིག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་བ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་། འགན་འཁྲི་དོན་འཁྱོལ། ལམ་ལུགས་འཐུས་ཚང་། ལྟ་སྐུལ་དོ་དམ་འཐུས་ཚང་བཅས་ཡོང་རྒྱུར་དམ་འཛིན་ནན་པོ་བྱེད་པ། བདེ་འཇགས་ཚན་རྩལ་དང་འཕྲལ་སྡོམ་དོ་དམ་སོགས་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཉེན་ཁའི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་མགྱོགས་སུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ཁག་སྔར་བས་ཞིབ་ལ་ནན་པའི་སྒོ་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

  
2016-10-19 2016-10-14