མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་དང་གྲོས་མོལ་གནང་བ།

         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཀི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐུགས་ཐག་བཅད་པ། 
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཀི་ནེ་ཡ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སེ་པའོ་ཡི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་གཉིས་ཕན་གྱི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་དང་རྒྱ་སྐྱེད་བཏང་སྟེ། ཀྲུང་གོ་དང་ཀི་ནེ་ཡའི་འབྲེལ་བའི་ཆེད་དེ་བས་ཡངས་པའི་འབྱུང་འགྱུར་གཏོད་རྒྱུའི་ཐུགས་ཐག་བཅད་པ་རེད།
         ཞིས་ཅིན་ཕིང་གིས་ཀི་ནེ་ཡ་ནི་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་དང་པོ་དེ་རེད། ལོ་57རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་གྱི་མཛའ་གྲོགས་དང་ཕན་ཚུན་འདྲ་མཉམ་ལྟ་སྟངས་ཀྱི་ཐོག་ནས་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འཕོ་འགྱུར་སྣ་ཚོགས་ཀྱི་ཉམས་སད་ཐེག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བརྟན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་དཔལ་འབྱོར་གསབ་རེས་ཀྱི་ལེགས་ཆ་ཆེན་པོ་གཉིས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་པ་བསྣན་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཀི་ནེ་ཡས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ལངས་ཕྱོགས་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཆར་འགོད་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། སྲིད་འཛིན་ཏང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སྲིད་གཞུང་སོགས་ཁྱབ་ཁོངས་ཁག་གི་མི་སྣ་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ཡུན་རིང་མཛའ་གྲོགས་ཀྱི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡས་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་གྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། འབྲེལ་ཡོད་མཉམ་ལས་ཀྱི་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་ཕྱོགས་དང་མཉམ་དུ་ཞིང་ལས་མཉམ་ལས་རྒྱ་སྐྱེད་བཏང་སྟེ། ཀི་ནེ་ཡ་ཕྱོགས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ནས་འབྲུ་རིགས་བདེ་འཇགས་ཡོང་བ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་ཕྱོགས་དང་མཉམ་དུ་ཐོན་ཁུངས་གསར་སྤེལ་གྱི་འཐབ་ཇུས་མཉམ་ལས་བྱེད་འདོད་ཡོད་པ་མ་ཟད། ལྕགས་ལམ་དང་། གྲུ་ཁ། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ནུས་མཉམ་ལས་ལ་སྣེ་ཁྲིད་བྱ་རྒྱུ་དང་། ཀི་ནེ་ཡ་ཕྱོགས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱས་ནས་རང་བརྟེན་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་ཕྱོགས་དང་མཉམ་དུ་རིག་གནས་དང་། སློབ་གསོ། འཕྲོད་བསྟེན། ཡུལ་སྐོར་སོགས་ཁྱབ་ཁོངས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བསྐྱར་སྐྱེས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མཉམ་ལས་དང་། གནམ་གཤིས་འགྱུར་ལྡོག 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ། ཨ་ཧྥེ་རི་ཁའི་དུས་བདེ་ཞི་འཇགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡང་དག་དབང་ཆ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་ཕྱི་འབྲེལ་དང་། དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད། མཁའ་འགྲུལ། རིག་གནས། འཕྲོད་བསྟེན། དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་ཐད་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།

  
2016-10-19 2016-10-14