མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཀྲུང་དབྱང་འགོ་ཁྲིད་
ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་དགུ་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་11ཚེས་1ཉིན་གྱི་སྔ་དྲོ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་དགུ་པ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་ཆགས་པ་བྱས་ནས་སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་ཁག་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱེད་པར་ཁྱབ་ཁོངས་གལ་ཆེན་དང་། ལས་འགན་གལ་ཆེན། ཚོད་ལྟ་གལ་ཆེན་བཅས་དམ་འཛིན་བྱེད་དགོས་ལ་འགག་རྩའི་བྱེད་པོ་དང་། འགག་རྩའི་ལྷུ་ཚིགས། འགག་རྩའི་འབྲེལ་མཚམས་བཅས་དམ་འཛིན་བྱས་ནས་གཙོ་གནད་ལ་བརྟེན་ནས་སྤྱི་ཡོངས་ལ་སྣེ་ཁྲིད་དེ་སྒྱུར་བཅོས་ཀྱི་ལས་འགན་ཁག་དམིགས་སར་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་《ལྗང་མདོག་སྣོད་བཅུད་ཕྱོགས་སྟོན་དུ་བྱེད་པའི་ཞིང་ལས་ཁ་གསབ་ལམ་ལུགས་འཛུགས་རྒྱུའི་སྒྱུར་བཅོས་ཇུས་གཞི་》དང་《ཀྲུང་ཧྭའི་རིག་གནས་ཕྱིར་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་འབྱེད་པ་དང་ནན་པོ་སྲུང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་མང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་སྐོར》《སློབ་ཆེན་ཐོན་པའི་སློབ་མ་གཞི་རིམ་དུ་ལས་ཀར་བསྐྱོད་རྒྱུར་སྔར་བས་ཁྲིད་སྟོན་དང་ལྕག་སྐུལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《སྲིད་དོན་གྱི་ཁ་དན་ཚིག་གནས་ཡོང་བ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《མི་སྒེར་གྱི་ཁ་དན་ཚིག་གནས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་ཁ་དན་ཚིག་གནས་ཡོང་བ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་གཅིག་གྱུར་བྱ་ཐབས་(ཚོད་ལྟའི་ལག་བསྟར་)》《འདམ་ར་སྲུང་སྐྱོང་དང་བསྐྱར་གསོའི་ལམ་ལུགས་ཇུས་གཞི》《མཐའ་མཚམས་མཚོ་རྒྱུད་སྲུང་སྐྱོང་དང་བེད་སྤྱོད་དོ་དམ་བྱ་ཐབས》《གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་ཏུ་གཏོང་རིང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་ལྗང་མདོག་སྣོད་བཅུད་ཕྱོགས་སྟོན་དུ་བྱེད་པའི་ཞིང་ལས་ཁ་གསབ་ལམ་ལུགས་འཛུགས་པར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་སྐུལ་མ་བརྟན་པོ་གཏོང་བ་དང་རིམ་པས་ལེགས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ད་ཡོད་ཀྱི་ཁ་གསབ་སྲིད་ཇུས་སྒྱུར་བཅོས་དང་ལེགས་སུ་གཏོང་རྒྱུ་དེ་འཇུག་གཞིར་བྱས་ནས་ཞིང་ལས་རྒྱུན་བསྲིང་ངང་འཕེལ་རྒྱས་ཡོང་བར་ཚོད་འཛིན་བཟོ་བའི་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ནས་འགོ་བཙུགས་ཏེ་ལྗང་མདོག་སྣོད་བཅུད་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བ་དང་། འབྲེལ་ཡོད་ཀྱི་ཞིང་ལས་ཁ་གསབ་སྲིད་ཇུས་སྒྱུར་བཅོས་བྱ་རྒྱུར་སྐུལ་མ་མགྱོགས་པོ་གཏོང་བ། རྨོ་ཞིང་དང་། རྩྭ་ཐང་། ནགས་ལས། འདམ་ར་སོགས་སྣོད་བཅུད་མ་ལག་གཙོ་བོའི་ཁ་གསབ་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ། ལྕི་བའི་ལྕགས་རིགས་ཀྱིས་རྨོ་ཞིང་ལ་སྦགས་བཙོག་བཟོ་བ་བཅོས་སྐྱོང་དང་། ཞིང་ལས་ཁྱོན་ཡོངས་ཀྱི་སྦགས་བཙོག་བཅོས་སྐྱོང་། ཞིང་ལས་ཆུ་སྤྱོད་ནུས་ཆེ་དང་གྲོན་ཆུང་ཐུབ་པར་བྱེད་པ་སོགས་ཀྱི་ནུས་ལྡན་གྱི་རྒྱབ་སྐྱོར་སྲིད་ཇུས་འཚོལ་ཞིབ་བྱེད་པ་བཅས་ཀྱི་ཐོག་ནས་སྲིད་ཇུས་ཀྱི་དམིགས་ཚད་དེ་གྲངས་ཚད་འཕར་རྒྱུ་གཙོ་བོར་བྱེད་པ་ནས་གྲངས་ཚད་དང་སྤུས་ཚད་གལ་ཆེ་མཉམ་གྱི་སྣོད་བཅུད་ལ་བསྒྱུར་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ཀྲུང་ཧྭའི་རིག་གནས་ཕྱིར་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་དང་། རྩེ་རིམ་ཇུས་འགོད་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ནང་དོན་གྱི་རྣམ་པ་དང་སྒྲིག་གཞི་ལམ་སྲོལ་གསར་གཏོད་བྱེད་པ། ཐབས་ལམ་དང་ལས་སྟེགས་རྒྱ་ཆེར་གཏོང་བ། བྱ་ཐབས་གསར་གཏོད་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་མཉམ་འདྲེས་ནུས་པ་དང་། ཡིད་དབང་འཕྲོག་ཤུགས། འགྲན་ནུས་བཅས་ཆེ་རུ་གཏོང་བའི་ཐོག་ནས་འཛམ་གླིང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་སྙིང་སྟོབས་མངོན་པ། ཀྲུང་གོའི་བློ་རིག་སྡུད་པ་བཅས་ཀྱི་ཕུལ་བྱུང་རིག་གནས་སྔར་བས་མང་བ་འཆད་འགྲེལ་དང་འོས་སྦྱོར་བྱས་ཏེ་རྒྱལ་ཁབ་རིག་གནས་ཀྱི་མངོན་མེད་སྟོབས་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་ལས་རིགས་ཀྱི་རིགས་དབྱེ་རྨང་གཞིར་བྱས་ཏེ་ཚན་རིག་གི་གདེང་འཇོག་ལྟེ་བར་བྱེད་པ་དང་། ཤེས་ལྡན་པ་གསར་སྤེལ་བེད་སྤྱོད་ལ་སྐུལ་མ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ། གོ་མིང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གོ་མིང་ལ་གདེང་འཇོག་བྱེད་པའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། གོ་མིང་ལ་གདེང་འཇོག་བྱེད་པའི་ལམ་སྲོལ་གསར་གཏོད་བྱེད་པ། གོ་མིང་ལ་གདེང་འཇོག་དང་ཤེས་ལྡན་པ་གསོ་སྐྱོང་དང་བེད་སྤྱོད་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་སྐུལ་མ་གཏོང་བ། གོ་མིང་གི་དོ་དམ་ཞབས་ཞུའི་རྣམ་པ་ལེགས་སུ་གཏོང་བ་བཅས་བྱེད་དགོས། ཀུན་སྤྱོད་དང་། འཇོན་ཐང་། ལས་རྗེས་བཅས་ཕྱོགས་སྟོན་དུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས“སློབ་རྒྱུས་དང་། བསླབ་པ། དཔྱད་རྩོམ་བཅས་ཁོ་ནར་ལྟ་བའི”ཕྱོགས་ལྷུང་ཁྱད་བསད་བྱས་ནས་ཆེད་ལས་ལག་རྩལ་མི་སྣར་ཚན་རིག་དང་མཐུན་ཞིང་གཞུང་དྲང་གི་སྒོ་ནས་གདེང་འཇོག་བྱས་ཏེ་ཁོང་ཚོར་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཆེད་ལས་ཐོག་འདོན་དུ་བཅུག་ནས་གྲུབ་འབྲས་ཐོབ་སེམས་དང་དགའ་བ་ཚོར་སེམས་ཐོབ་པ་བྱེད་དགོས། གཞི་རིམ་ལ་ཕྱོགས་ནས་ཐག་རིང་ལུང་ཁུག་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་ཆེད་ལས་ལག་རྩལ་མི་སྣ་དང་ཁ་ཤིན་ཏུ་ཐང་བའི་དམིགས་བསལ་མི་སྣ་སོགས་ལ་དམིགས་བསལ་གྱི་སྲིད་ཇུས་ཁག་གཅིག་ཡོད་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་འབྱེད་པ་དང་ནན་སྲུང་བྱེད་པར་རི་ཆུ་ནགས་ཞིང་མཚེའུ་སོགས་སྲུང་སྐྱོང་གི་བསམ་ཕྱོགས་གཞིར་བཟུང་དམར་ཐིག་གིས་དོ་དམ་ཚོད་འཛིན་བྱེད་པའི་སྣོད་བཅུད་ཀྱི་བར་སྟོང་གལ་ཆེན་ཞིག་ཆགས་ནས་རྒྱལ་ཡོངས་སུ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་གི“ས་བཀྲ་གཅིག”ལས་མེད་པ་བྱེད་དགོས། རང་བྱུང་སྣོད་བཅུད་ཀྱི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིག་བྱས་ནས་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱེད་པ་དང་། སྣོད་བཅུད་བྱེད་ནུས་ཀྱི་གལ་ཆེའི་རང་བཞིན་དང་སྣོད་བཅུད་ཁོར་ཡུག་གི་ཚོར་སྣང་སྐྱེན་པའི་རང་བཞིན་དང་ཉམས་ཞན་རང་བཞིན་ལ་གཞིགས་ཏེ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་འབྱེད་པ་དང་ཆབས་ཅིག་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དེ་བར་སྟོང་གི་འཆར་གཞི་བཟོ་བའི་རྨང་གཞིར་བྱས་ནས་དོ་དམ་གྱི་འགན་འཁྲི་གསལ་བཟོ་དང་། སྤྱོད་ཡུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་སྲུང་སྐྱོང་དང་བསྐྱར་གསོར་ཤུགས་སྣོན་རྒྱག་པ། ལྟ་ཞིབ་ཚད་ལེན་དང་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་སྣོད་བཅུད་བྱེད་ནུས་མི་ཉམས་པ་དང་། རྒྱ་ཁྱོན་ཉུང་དུ་མི་འགྲོ་བ། ངོ་བོ་མི་འགྱུར་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ཐོན་ཁུངས་སྤྱི་ལ་དབང་བ་དང་། དངོས་པོའི་བདག་དབང་ཁྲིམས་བཞིན་གཏན་འཁེལ། དབང་ཆ་གཏན་འཁེལ་གྱི་ཐོ་བཀོད་གཅིག་གྱུར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་རྒྱུག་ཆུ་དང་། ནགས་ཚལ། མུ་འབྲེལ་རི་བོ་མཐོན་པོ། རྩྭ་ཐང་། ས་སྟོང་། གྲམ་ཐང་དང་དེ་བཞིན་རྩད་ཞིབ་གསོག་འཇོག་གི་གཏེར་ཁའི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་ཐོག་བདག་དབང་གཏན་འཁེལ་བྱེད་པ་དང་། ཁོངས་གཏོགས་ཁ་གསལ་དང་། དབང་འགན་གསལ་བཟོ། ལྟ་སྐུལ་དོ་དམ་ནུས་ལྡན་གྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གྱི་བདག་དབང་ལམ་ལུགས་ཆགས་པ་བྱེད་དགོས། ཚོད་ལྟ་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་དང་གཏན་འཇགས་རྒྱུ་ནོར་ཐོ་བཀོད་བྱ་རྒྱུ་རྨང་གཞིར་བྱས་ཏེ་ཚད་ལྡན་གྱི་ནང་དོན་དང་གོ་རིམ་ལ་གཞིགས་ནས་གཅིག་གྱུར་ཐོ་བཀོད་བྱེད་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་འདམ་ར་སྲུང་སྐྱོང་དང་བསྐྱར་གསོའི་ལམ་ལུགས་འཛུགས་པར་མཐའ་མཚམས་མཚོ་རྒྱུད་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བ་ཡོད། འདམ་རའི་རྒྱ་ཁྱོན་གྱི་སྤྱི་འབོར་དོ་དམ་བྱེད་པར་འདམ་ར་སྤྱོད་ཡུལ་གྱི་ལྟ་སྡོམ་ནན་དུ་གཏོང་བ་དང་། འདམ་ར་ཞན་འགྱུར་བསྐྱར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ། འདམ་རའི་སྣོད་བཅུད་ནུས་པ་ཆེ་རུ་གཏོང་བ། འདམ་རའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བཅས་བྱེད་དགོས། མཐའ་མཚམས་མཚོ་རྒྱུད་ཀྱི་རིགས་དབྱེ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པར་རང་བྱུང་རྒྱུད་དུ་སྲུང་སྐྱོང་ནན་པོ་བྱེད་པ་དང་། གནོད་སྐྱོན་ཕོག་པའི་རྒྱུད་དུ་བཅོས་སྒྲིག་དང་བསྐྱར་གསོ་བྱེད་པ། གྲོན་ཆུང་བསྲི་ཚགས་ངང་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

  
2016-10-19 2016-10-14