མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་19ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱི་ཐ་ལིའི་ས་ཏིང་གླིང་ཕྲན་དུ་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་དང་མཇལ་འཛོམས་གནང་བ་རེད།
           ཞིས་ཅིན་ཕིང་གིས་ཙུང་ལི་ལུན་ཆི་སྟངས་དཔྱལ་རོ་མ་ནས་ས་ཏིང་གླིང་ཕྲན་དུ་ཆེད་མངགས་ཐུག་འཕྲད་གནང་བར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་ཡུན་རིང་མ་སོང་གོང་དབྱི་ཐ་ལིར་ས་ཡོམ་བརྒྱབ་པའི་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་དང་དབྱི་ཐ་ལིའི་མི་དམངས་ཚོས་དཀའ་ངལ་མཐའ་དག་བསལ་ནས་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་དབྱི་ཐ་ལི་ནི་ཡོ་རོབ་མནའ་འབྲེལ་ཁྲོད་ཀྱི་བློས་འགེལ་ཆོག་པའི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་དེ་མི་རྣམས་ལ་སེམས་འགུལ་ཐེབས་པ་ཞིག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་དབྱིའི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ་དབྱི་ཐ་ལི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་གྱིས་ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་དགོས་པ་དང་། རིམ་པ་ཁག་གི་མི་སྣའི་དབར་གྱི་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་དགོས་པ། ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་དབྱི་ཐ་ལིའི་འཕེལ་རྒྱས་འཐབ་ཇུས་དབར་འབྲེལ་མཐུད་བྱ་རྒྱུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་ཡང་རྒྱག་དགོས་ཞེས་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་ཐོག་གི་གལ་ཆེའི་སྣེ་གཅིག་ཡིན་ལ་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་ཀྱང་ཡིན། མིག་སྔར་ཡོ་རོབ་ཀྱི་དུས་བབ་ལ་གལ་ཆེའི་འགྱུར་ལྡོག་འགྲོ་བཞིན་པས་ཀྲུང་གོ་ཕྱོགས་ཀྱིས་དར་རྒྱས་བརྟན་ལྷིང་གི་ཡོ་རོབ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། དབྱི་ཐ་ལིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་དུས་ཡུན་རིང་པོ་བརྟན་པོ་དང་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
         ལུན་ཆི་ཡིས་དབྱི་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ལ་རིང་བ། ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”འཛུཌ་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། གསར་གཏོད། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།