མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་11ཉིན། 08:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གྱི་ཕྱི་དྲོ་མོ་སི་ཁོའི་ཕོ་བྲང་ཁེ་ལི་མུ་ལིན་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།
         ལི་ཁེ་ཆང་གིས་དང་ཐོག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་ལ་ཟོལ་མེད་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་ཞུས་ཤིང་། ཁོང་གིས་ཀྲུང་ཨུ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་སྒྲུབ་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཉམ་ལས་ད་བར་བརྟན་པོའི་ངང་འཕེལ་རྒྱས་བྱུང་ལ་གྲུབ་འབྲས་གསར་པའང་རྒྱུན་མི་ཆད་པར་ཐོབ་ཡོད། ཀྲུང་ཨུའི་དབར་གྱི་མཉམ་ལས་དེ་ཕྱོགས་གཉིས་པོར་ཕན་པ་ཞིག་ཡིན་ལ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལའང་ཕན་པ་ཞིག་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་ཨུའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་མཉམ་ལས་ཐད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ནས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་པོའི་ཚོང་དོན་བརྟན་པོའི་སྒོ་ནས་བསྐྱར་འཕར་ཡོང་ཚུལ་སྲ་བརྟན་དུ་གཏོང་བ་དང་། རྡོ་སྣུམ་དང་། རང་བྱུང་སོལ་རླངས། དམངས་སྤྱོད་ཉིང་རྡུལ་ནུས་པ། མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཆེ་རིགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། དངུལ་རྩ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་འབྲིང་ཆུང་དབར་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་དང་ཆབས་ཅིག་ཕྱོགས་གཉིས་པོའི་ཁེ་ལས་ཆེ་རིགས་ཀྱི་མཉམ་ལས་ལ་དགོས་ངེས་ཀྱི་ཆ་སྒྲིག་བྱེད་དགོས་ལ་རྒྱབ་སྐྱོར་ཡང་བྱེད་དགོས་ཞེས་གསུངས་པ་རེད།
         ཕུའུ་ཅིང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོའི་དབར་ལ་འགྲོ་འོང་ཟབ་མོ་ཡོད་ལ་ཕྱོགས་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ལམ་སྲོལ་ཡང་འཁོར་རྒྱུག་བདེ་བླག་བྱུང་ཡོད། ད་རེས་རྒྱལ་ཁབ་གཉིས་པོའི་ཙུང་ལིས་དུས་བཀག་བཞིན་མཇལ་འཛོམས་གནང་ནས་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།