མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུ་
བའི་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་13ཉིན། 17:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུ་
བའི་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་11ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོ་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་དང་ལྷག་བསམ་རྣམ་དག་གི་མཉམ་ལས་པ་དང་རྒྱུན་འཛིན་པ་ཞིག་རེད། ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་ཡག་ཤོས་ཞུ་བ་ནི་མཐུན་སྒྲིལ་ཆོག་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དང་སྐུལ་སློང་བྱེད་ཆོག་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ་སྐུ་ཞབས་སུན་ཀྲུང་ཧྲན་སོགས་གསར་བརྗེའི་སྔོན་བྱོན་པ་ཚོས་དེའི་དོན་དུ་འབད་འཐབ་བྱེད་པའི་རླབས་ཆེའི་བྱ་གཞག་མཐའ་དག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ཉེ་རབས་ཚུན་གྱི་སྤྱོད་བཟང་འདུན་ཆེའི་མི་སྣས་དེའི་དོན་དུ་འབད་འཐབ་བྱེད་པའི་རླབས་ཆེའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ། ཉེ་རབས་ཚུན་གྱི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དེའི་དོན་དུ་འབད་འཐབ་བྱེད་པའི་རླབས་ཆེའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་ལ་ཕེབས་ཡོད་པ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེན་གྱི་མི་རིགས་ཀྱི་དཔའ་བོ་ཞིག་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་ཞིག ཀྲུང་གོའི་དམངས་གཙོའི་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་ཞིག་བཅས་ཡིན་པས་སྐུ་ཚེ་གང་པོ་གསར་བརྗེ་བྱ་རྒྱུ་ལས་འགན་དུ་བརྩིས་ནས་སེམས་ཐག་གཙང་བཅད་ཀྱིས་རྒྱལ་ཁབ་དང་མི་དམངས་བསྐྱབས་སྟེ་ཀྲུང་ཧྭ་མི་རིགས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་རབས་ཀྱིས་རླབས་ཆེན་གྱི་མི་སྣ་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་གྱི་མི་སྣས་དུས་རབས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཀྱི་ཡོད། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད་པས། ཀྲུང་གོ་མི་དམངས་ཀྱི་སེམས་ནང་དབང་གྲགས་ཆེན་པོ་ལྡན་པ་དང་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་དད་གུས་ཆེན་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་མེས་རྒྱལ་ལ་དགའ་ཞེན་དང་མེས་རྒྱལ་ཆེད་རང་སྲོག་བློས་གཏོང་བའི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་ནན་བཤད་གནང་ཞིང་། ཁོང་གིས་ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གནམ་འོག་སྤྱི་སྙོམས་ཏུ་གྱུར་པ་དང་། མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་པའི་བརྩེ་སེམས་ཆེན་པོར་སློབ་སྦྱོང་བྱེད་དགོས། རླབས་ཆེན་བྱ་གཞག་མཐའ་དག་ལ་གྲུབ་འབྲས་ཐོབ་པ་བྱེད་པར་ངེས་པར་དུ་མི་དམངས་ཀྱི་ཁྲོད་ནས་གཞི་རྩ་འཚོལ་ཐུབ་པ་དང་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་མི་དམངས་ཀྱིས་ཐུན་མོང་ཐོག་ལེགས་གྲུབ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་བདེན་དོན་བརྩོན་གཉེར་དང་དུས་བསྟུན་འཕེལ་རྒྱས་ཀྱི་ཕུལ་བྱུང་གི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས། ལོ་རྒྱུས་ཀྱིས་བློ་བརྟན་འགྱུར་མེད་པ་དང་། འབད་འབུངས་ཡར་བརྩོན་པ། རྩོལ་འཐབ་དོན་གཉེར་པ་བཅས་ལ་ཐུགས་ཁུར་གཟིགས་སྐྱོང་བྱེད་པ་ལས་ཐེ་ཚོམ་ཅན་དང་། སྒྱིད་ལུག་པ། དཀའ་བར་སྐྲག་མཁན་བཅས་སྒུག་མི་སྲིད། ད་ཆ་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་ལོ་རྒྱུས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། འཛམ་གླིང་འཕེལ་རྒྱས་ཀྱི་དུས་བབ་གལ་ཆེན་སྟངས་འཛིན་བྱེད་པ། དུས་རབས་ཀྱི་འབོད་སྒྲ་ཉན་པ་བཅས་བྱས་ཏེ་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད། རིག་གནས་ཀྱི་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་ཐད་ཀྱི་གསར་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཐོག་དུས་རབས་མདུན་སྐྱོད་ཀྱི་རླབས་རྒྱུན་ཁྲོད་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་བློ་བརྟན་འགྱུར་མེད་དང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས། རླབས་ཆེན་བྱ་གཞག་རླབས་ཆེན་ཡིན་དོན་ནི་བྱ་གཞག་དེ་དྲང་བདེན་དང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་མ་ཟད། བྱ་གཞག་དེ་གེགས་མེད་བདེ་བླག་ངང་སྒྲུབ་པ་ཞིག་མིན་པས་རེད། རླབས་ཆེན་གྱི་མི་སྣ་རླབས་ཆེན་ཡིན་དོན་ནི་མི་སྣ་དེ་ཚོས་མི་དམངས་དང་། མི་རིགས། མིའི་རིགས་བཅས་ལ་བྱས་རྗེས་རླབས་ཆེན་བཞག་པ་མ་ཟད། མི་སྣ་དེ་ཚོས་དཀའ་ཚེགས་ཁྲོད་བློ་རྩ་བརྟན་པོ་དང་བླ་ན་མེད་པའི་གཤིས་རྒྱུད་ལྡན་པ་བྱས་པས་རེད། ད་ཆ་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྣམ་པ་གསར་པ་ཞིག་གཏོད་པར་ངེས་པར་དུ་གཏིང་ཟབ་པ་དང་། རྙོག་འཛིང་ཆེ་བ། འགྱུར་ལྡོག་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་དུས་བབ་ལ་བབ་བརླིང་ངང་ཞིབ་ལྟ་བྱེད་པ་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་ཡུན་རིང་འབད་བརྩོན་ལྷོད་མེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགལ་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་ཆེན་པོ་ཐག་གཅོད་བྱེད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་དར་ཆ་གསལ་སྟོན་གྱིས་རྒྱལ་ཁབ་ཁ་ཕྲལ་དང་མི་རིགས་ཁ་ཕྲལ་གཏོང་བའི་གཏམ་གླེང་དང་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་གནང་གི་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ལོ་རྒྱུས་ཀྱི་སྐྱོ་གར་སླར་ཡང་འཁྲབ་རྒྱུར་བཟོད་སྒོམ་རྩ་བ་ནས་མི་བྱེད་པ་ནི་ང་ཚོས་ལོ་རྒྱུས་དང་མི་དམངས་ལ་གཟི་བརྗིད་ལྡན་པའི་ཁས་ལེན་བྱས་པ་ཞིག་ཡིན། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ཚང་མར་ཀྲུང་གོ་མི་དམངས་ཡོངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་རེད། ང་ཚོས་མི་སུ་འདྲ་ཞིག་དང་། རྩ་འཛུགས་གང་རུང་ཞིག སྲིད་ཏང་གང་རུང་ཞིག དུས་དང་རྣམ་པ་གང་རུང་བཅས་ཀྱི་ཐོག་ནས་ཀྲུང་གོའི་མངའ་ཁོངས་གང་རུང་ཞིག་ཀྲུང་གོ་ནས་ཁ་ཕྲལ་རྩ་བ་ནས་གཏོང་དུ་འཇུག་མི་རུང་བའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྐུ་ཞབས་སུན་ཀྲུང་ཧྲན་བྲེལ་བརྩོན་ཆེ་བའི་གསར་བརྗེའི་བྱེད་སྒོའི་ནང་ཞུགས་རིང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་བསམ་གཞིག་གནང་གི་ཡོད། ཀྲུང་གོ་རྙིང་པའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཆ་རྐྱེན་འོག་སྐུ་ཞབས་སུན་ཀྲུང་ཧྲན་གྱི་རླབས་ཆེའི་དགོངས་པ་དེ་དག་མངོན་འགྱུར་ཡོང་ཐབས་བྲལ། ད་ཆ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འབད་འབུངས་ལྷོད་མེད་འོག་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐབས་དེ་དུས་ཀྱི་འཆར་གཞི་དེ་དག་སྔ་ས་ནས་མངོན་འགྱུར་བྱུང་བ་དང་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་འཛུགས་སྐྲུན་ལ་གཞོལ་བའི་རང་བཙན་དང་། དམངས་གཙོ། འབྱོར་ཕྱུག་བཅས་ཀྱི་རྒྱལ་ཁབ་དེ་སྔ་ས་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད་ཅེས་གསུངས་པ་རེད།