མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་མེ་རི་ཁའི་བདམས་ཐོན་བྱུང་བའི་ཙུང་ཐུང་ཐི་རོམ་ཕུ་དང་ཞལ་པར་
བསྐྱོན་ནས་གླེང་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་མེ་རི་ཁའི་བདམས་ཐོན་བྱུང་བའི་ཙུང་ཐུང་ཐི་རོམ་ཕུ་དང་ཞལ་པར་བསྐྱོན་ནས་གླེང་མོལ་གནང་བ་རེད། 
         ཞིས་ཅིན་ཕིང་གིས་ཐི་རོམ་ཕུ་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་37གྱི་རིང་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཟམ་མ་ཆད་པར་གོང་དུ་འཕེལ་ནས་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་བདེ་དངོས་གནས་དྲང་གནས་བསྐྲུན་ཡོད་ལ། འཛམ་གླིང་དང་ས་ཁུལ་ལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྐུལ་སྤེལ་ཡང་བཏང་ཡོད། མཉམ་ལས་བྱ་རྒྱུ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གདམ་ག་་ཡང་དག་པ་ཉག་གཅིག་ཡིན་པ་དོན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། མིག་སྔར། ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་གོ་སྐབས་གལ་ཆེན་དང་མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གོང་དུ་འཕེལ་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་བར་གྱི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་སྔར་ལས་མང་བ་ཐོབ་པར་བྱས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་གོང་ནས་གོང་དུ་སྔར་ལས་ལེགས་པར་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས། འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེན་པོ་མདུན་གྲལ་གཉིས་བཅས་ཡིན་པའི་ཆ་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱ་དགོས་པ་དང་མཉམ་ལས་བྱེད་འོས་པའི་ལས་དོན་ཧ་ཅང་མང་པོ་ཡོད། ངས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཨ་རིའི་ཕྱོགས་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་སྐུལ་སྤེལ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་གཞན་དག་ཁག་གི་མི་དམངས་ལ་ཕན་བདེ་སྔར་ལས་ལེགས་པོ་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཐི་རོམ་ཕུ་ཡིས་ང་རང་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཐད་འཛིན་པའི་ལྟ་ཚུལ་ལ་ཡིད་མཐུན་བྱེད་ཀྱི་ཡོད། ཀྲུང་གོ་ནི་རྒྱལ་ཁབ་རླབས་པོ་ཆེ་དང་གལ་ཆེན་པོ་ཞིག་ཡིན་ཞིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་པོར་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ཐུབ། ངས་ཁྱེད་དང་མཉམ་དུ་ཨ་ཀྲུང་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་འདོད་ཡོད་དང་། ཨ་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ལེགས་པར་འགྲོ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་དང་ཐི་རོམ་ཕུ་གཉིས་ཀྱིས་འབྲེལ་བ་དམ་པོ་རྒྱུན་འཁྱོངས་བྱ་རྒྱུ་དང། ལས་དོན་གྱི་འབྲེལ་བ་ལེགས་པོ་འཛུགས་རྒྱུ་མ་ཟད། སྔ་ཙམ་ཐུག་འཕྲད་ཀྱང་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་ཕྱོགས་གཉིས་ཀས་ཐུན་མོང་དུ་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་ཚུལ་བརྗེ་རེས་དུས་ཐོག་ཏུ་བྱ་རྒྱུར་ཡིད་མཐུན་བྱུང་བ་རེད།