མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་《ཏང་ཨུད་(ཏང་ཙུའུ་)ཀྱིས་ལས་བྱེད་པ་བསྐོ་འཐེན་
དོན་གནད་ལ་གྲོས་བསྡུར་ཐག་གཅོད་བྱེད་པའི་སྲུང་བྱ་》བཟོ་བཅོས་བརྒྱབ་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ལས་བྱེད་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བླང་བྱ་མཐའ་འཁྱོངས་བྱས་ནས་ཏང་ཨུད་(ཏང་ཙུའུ་)ཀྱིས་ལས་བྱེད་པ་བསྐོ་འཐེན་དོན་གནད་ལ་གྲོས་བསྡུར་ཐག་གཅོད་བྱེད་པའི་ལས་དོན་གྲོས་རིམ་གྱི་སྒྲིག་སྲོལ་དང་ཐབས་ཇུས་ཀྱི་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་བ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཉེ་ཆར་《ཏང་ཨུད་(ཏང་ཙུའུ་)ཀྱིས་ལས་བྱེད་པ་བསྐོ་འཐེན་དོན་གནད་ལ་གྲོས་བསྡུར་ཐག་གཅོད་བྱེད་པའི་སྲུང་བྱ་》བཟོ་བཅོས་བརྒྱབ་ནས་པར་འགྲེམས་བྱས་པ་རེད།
         《སྲུང་བྱའི་》ནང་། ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱེད་པར་ངེས་པར་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ལས་བྱེད་པའི་ཆ་རྐྱེན་མཐའ་འཁྱོངས་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་བོར་བྱེད་རྒྱུ་མཐའ་འཁྱོངས། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་པ་མཐའ་འཁྱོངས། བྱ་གཞག་གཙོ་བོར་འཛིན་པ་དང་གཞུང་དྲང་ཚུལ་མཐུན་མཐའ་འཁྱོངས། བྱས་རྗེས་ངོ་མར་སྣང་ཆེན་དང་མང་ཚོགས་ཀྱི་ཁས་ལེན་མཐའ་འཁྱོངས། དད་སེམས་བརྟན་པོ་དང་། དམངས་ལ་ཞབས་འདེགས་ཞུ་བ། སྲིད་འཛིན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱས་ནས། ཏང་ཨུད་(ཏང་ཙུའུ་)ཀྱི་འགོ་ཁྲིད་དང་འགག་སྒོའི་ནུས་པར་ཤུགས་སྣོན་བརྒྱབ་སྟེ་ཡང་དག་པའི་མི་སྣ་སྤྱོད་པའི་སྟོན་ཕྱོགས་ཆགས་པར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 《སྲུང་བྱའི་》ནང་ད་དུང“གནས་སྤར་བྱེད་པར་ངེས་པར་བཞི་བྱེད་དགོས་པ”དང“ཚོགས་འདུར་གྲོས་བསྡུར་མི་བྱེད་པ་གསུམ”“མི་ཆོག་པ་གཉིས”“མི་རུང་བ་ལྔ”བཅས་ཀྱི་བླང་བྱ་ཡང་ཁ་གསལ་བཏོན་ཡོད། “གནས་སྤར་བྱེད་པར་ངེས་པར་བཞི་བྱེད་དགོས་པ”སྟེ། གྲོས་བསྡུར་ཐག་གཅོད་མ་བྱས་གོང་གནས་སྤར་བྱེད་རྩིས་ཡོད་པའམ་བསྐོ་སྤྱོད་སྔར་བས་བྱེད་པའི་ལས་བྱེད་པའི་ཡིག་ཚགས་ལ་ངེས་པར་ཞིབ་བཤེར་བྱེད་པ་དང་། མི་སྒེར་དང་འབྲེལ་ཡོད་ཀྱི་དོན་གནད་སྙན་ཞུར་ངེས་པར་དཔྱད་ཞིབ་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བསམ་འཆར་ངེས་པར་ཉན་པ། ཁུངས་སྣེ་ཞིབ་ཚགས་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ངེས་པར་ཞིབ་བཤེར་བྱེད་པ་བཅས་ཀྱིས“སྐྱོན་ཅན་གནས་སྤར”མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། “ཚོགས་འདུར་གྲོས་བསྡུར་མི་བྱེད་པ་གསུམ”སྟེ། གྲོས་བསྡུར་ཐག་གཅོད་བྱེད་སྐབས། གཏན་འབེབས་ལྟར་འཕྲལ་འདོན་བསམ་འཆར་འདོན་རྒྱུ་ནང་གྲོས་དང་། དམངས་གཙོའི་འོས་སྦྱོར། སྒྲིག་འཛུགས་བྱས་ནས་རྟོག་ཞིབ་བཅས་བྱས་མེད་རིགས་ཚོགས་འདུར་གྲོས་བསྡུར་མི་བྱེད་པ་དང་། གཏན་འབེབས་ལྟར་འབྲེལ་ཡོད་ཀྱི་གནད་དོན་ཞིབ་རྩིས་བརྒྱབ་མེད་རིགས་ཚོགས་འདུར་གྲོས་བསྡུར་མི་བྱེད་པ། གཏན་འབེབས་ལྟར་གོང་རིམ་ལ་སྙན་སེང་ཞུས་མེད་པའམ་ཡང་ན་སྙན་སེང་ཞུས་རྗེས་ཆོག་མཆན་དང་མོས་མཐུན་མ་ཐོབ་རིགས་ཀྱི་ལས་བྱེད་པ་བསྐོ་འཐེན་དོན་གནད་ཚོགས་འདུར་གྲོས་བསྡུར་མི་བྱེད་པ་བཅས་རེད། “མི་ཆོག་པ་གཉིས”ཏེ། མི་རེ་ཟུང་གི་བསམ་འཆར་བསྡུ་ལེན་དང་འགོ་ཁྲིད་ཀྱིས་གཟིགས་རྟགས་རྒྱག་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཏང་ཨུད་(ཏང་ཙུའུ་)ཚོགས་འདུའི་ཚབ་བྱས་ནས་ལས་བྱེད་པ་བསྐོ་འཐེན་ལ་མཉམ་སྡེབ་ཐོག་གྲོས་བསྡུར་ཐག་གཅོད་བྱེད་མི་ཆོག་པ་དང་། ཏང་ཨུད་(ཏང་ཙུའུ་)ཀྱི་འགན་འཁུར་བ་གཙོ་བོ་རྩ་འཛུགས་ཀྱི་གོང་དུ་འགྱུར་པ་བྱེད་མི་ཆོག་པར་མི་སྒེར་རམ་ཡང་ན་མི་ཉུང་ཤས་ཀྱི་བརྒྱ་ཁ་གཅིག་ཆོད་ལ་ངོ་རྒོལ་དང་གཏན་འགོག་བྱེད་དགོས། “མི་རུང་བ་ལྔ”སྟེ། རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་བྱེད་མི་རུང་བ་དང་། ལས་བྱེད་པ་གློ་བུར་དུ་གནས་སྤར་ལེགས་སྒྲིག་བྱེད་མི་རུང་བ། གནས་སྐབས་བསམ་འཆར་བཏོན་ནས་ལས་བྱེད་པ་བསྐོ་འཐེན་བྱེད་མི་རུང་བ། ལས་གནས་ཀྱི་གྲངས་འབོར་དང་བརྒལ་ནས་བཀོད་སྒྲིག་བྱེད་པ་དང་སྒྲིག་གཞིའི་ཚད་གཞི་དང་བརྒལ་ནས་ལས་བྱེད་པ་གནས་སྤར་བསྐོ་སྤྱོད་བྱེད་མི་རུང་བ། གྲོས་བསྡུར་ཐག་གཅོད་བྱས་པའི་གནས་ཚུལ་ཕྱིར་གྱར་མི་རུང་བ་བཅས་ཀྱིས་མི་སྣ་འདེམས་སྤྱོད་ཐད་ཀྱི་སྤྱོད་ངན་གཏན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
         ཀྲུང་དབྱང་རྩ་འཛུགས་པུས་《སྲུང་བྱ་》པར་འགྲེམས་བྱེད་རིང་། རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། 《སྲུང་བྱ་》ལག་བསྟར་བྱེད་ཚུལ་ནང་དོན་གལ་ཆེན་དུ་བརྩིས་ནས་གནད་སར་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

  
2016-12-01 2016-11-30