མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ཁོའོ་ལེ་ཡཱ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ཁོའོ་ལེ་ཡཱ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ཁོའོ་ལེ་ཡཱ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཐད་ཚད་མཐོའི་གདེང་འཇོག་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་བབ་མཐོ་རུ་གཏོང་བ་དང་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་དུས་བབ་གསར་པའི་ནང་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གཏན་འཁེལ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་ནི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ལྷག་པར་དུ་2015ལོར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། འབྲེལ་ཡོད་ཁྱབ་རྒྱ་ཆེ་རུ་སོང་བ། གཞི་ཁྱོན་ཇེ་ཆེར་སོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་ཡག་པོ་ཞིག་མངོན་ཡོད། མིག་སྔར། ཀྲུང་གོ་དང་ཨེ་ཁྭ་ཏོར་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་སྔར་བས་མངོན་གསལ་དོད་དུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་ལ་རྒྱལ་ཁབ་རང་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱ་རྒྱུར་མུ་མཐུད་རོགས་རམ་བྱས་ནས་ཨེ་ཁྭ་ཏོར་གྱི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ལ། ཨེ་ཁྭ་ཏོར་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ཕན་མཉམ་འདྲེས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཨེའི་འབྲེལ་བར་སྔར་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་གཏོད་འདོད་ཀྱང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་གྱིས་ཕྱི་ལོ་རྒྱལ་ཁབ་དོན་བདུན་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་རྒྱལ་ཁབ་དོན་བདུན་ཚོགས་པའི་ཕྱོགས་མང་གི་ལས་དོན་ཁྲོད་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་ཧྲིལ་པོའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁོའོ་ལེ་ཡཱ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་རེས་ཨེ་ཁྭ་ཏོར་ལ་རྒྱལ་དོན་འཚམས་འདྲི་གནང་བ་ནི་གྲོགས་པོ་འདུ་འཛོམས་བྱས་པ་དང་གཉིས་སུ་མ་མཆིས། ད་རེས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་གྱི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ཐད་ལ་རྒྱབ་སྐྱོར་ནུས་ལྡན་གནང་བར་ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་རྒྱུ་ཡིན། རྒྱལ་ཁབ་དོན་བདུན་ཚོགས་པའི་ཕྱི་ལོའི་རེས་འཁོར་ཀྲུའུ་ཞི་ཡིན་པའི་ངོས་ནས་བརྗོད་ན། ཨེ་ཁྭ་ཏོར་ཕྱོགས་ཀྱིས“རྒྱལ་ཁབ་དོན་བདུན་ཚོགས་པའི་སྟེང་ཀྲུང་གོ་བསྣན་པའི”ཕྱོགས་མང་སྒྲིག་གཞིའི་ཁྲོད་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨེའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་མཐོ་རུ་གཏོང་རྒྱུ་མ་ཟད། ད་རེས་འགོ་འཛུགས་སར་བྱས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་སྔར་བས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གཏན་འཁེལ་གནང་བ་རེད།
         ཕྱོགས་གཉིས་པོས་《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་བ་རེད།