མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རིའི་རྒྱལ་ཚོགས་ཀྱི་ཞང་ཀང་དང་འབྲེལ་བའི་དཔང་ཉན་ཚོགས་འདུར་
ཧ་ཅང་མི་འཐད་ཚུལ་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་དཔང་ཉན་ཚོགས་འདུ་འཚོགས་པ་ནི་ཞང་ཀང་གི་དོན་དག་ཚུད་པའི་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམ་མེད་ཀྱིས་ཐེ་གཏོགས་བྱས་པ་རེད། བྱེད་སྟངས་དེར་ཀྲུང་གོ་ཕྱོགས་ཀྱིས་གཏན་ནས་མི་དགའ་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
          ཉིན་དེའི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་5ཚེས་3ཉིན། ཨ་རིའི"རྒྱལ་ཚོགས་དང་སྲིད་འཛིན་སྡེ་ཁག་ཀྲུང་གོའི་ཨུ་ཡོན་ལྷན་ཁང"གིས་བརྗོད་དོན་དུ"བདག་དབང་ཕྱིར་ལོག་བྱས་ནས་ལོ་20འཁོར་བ་དང་། ཞང་ཀང་གི་རྣམ་པ་རྒྱུན་བསྲིངས་ཐུབ་བམ"ཞེས་པའི་དཔང་ཉན་ཚོགས་འདུ་འཚོགས་ཏེ་ཞང་ཀང་ཕྱིར་ལོག་ནས་ལོ་20འཁོར་བའི་རིང་ལ། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ལག་ལེན་བསྟར་བའི་གནས་ཚུལ་ལ་སྐྱོན་བརྗོད་བྱས་པ་རེད། དེར་ཀྲུང་གོ་ཕྱོགས་ཀྱིས་ཨ་ལན་ཇི་ལྟར་སློག་རྒྱུ་ཡིན་ནམ་ཞེས་དྲི་བ་བཏོན་པ་རེད།
          ཀེང་ཧྲོང་གིས། ཨ་རིའི་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔང་ཉན་ཚོགས་འདུ་ནི་ཞང་ཀང་གི་དོན་དག་ཚུད་པའི་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམ་མེད་ཀྱིས་ཐེ་གཏོགས་བྱེད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་བྱེད་སྟངས་དེར་གཏན་ནས་མི་དགའ་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་ཡོད། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"དང་། "ཞང་ཀང་པས་ཞང་ཀང་སྐྱོང་བ།" ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཡོད། འདི་ནི་ཕྱོགས་ཞེན་གྱི་ལྟ་ཚུལ་བཟུང་མེད་པའི་མི་སུ་ཞིག་གིས་ཀྱང་མཐོང་བའི་དོན་དངོས་བདེན་པ་ཞིག་རེད་ཅེས་བརྗོད།
          "ཨུ་ཡོན་ལྷན་ཁང་ཟེར་བ་དེས་ཀྲུང་གོའི་གནད་དོན་སྐོར་ལ་ཚོན་ལྡན་མིག་ཤེལ་བརྒྱབ་ནས་ལྟ་བཞིན་ཡོད་པས། ཕྱོགས་ཞེན་གྱི་ལྟ་ཚུལ་གྱིས་ཁེངས་འདུག" ཁོང་གིས་ཨུ་ཡོན་ལྷན་ཁང་དེས་ཞང་ཀང་དཔང་ཉན་ཚོགས་འདུ་ཞེས་པ་ཞིག་འཚོགས་ཏེ་ཞང་ཀང་དུ"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"འཛིན་ཚུལ་རྡོག་བརྫིས་བཏང་ཡོད་པ་དང་། གསར་འགྱུར་གྱི་རང་དབང་དང་ཁྲིམས་འཛིན་གྱི་རང་རྐྱར་ཉེན་ཁ་ཐེབས་ཡོད་ཚུལ་བརྗོད་འདུག འདི་དག་ནི་གནས་ཚུལ་དངོས་སྣང་མེད་དུ་བཞག་པ་དང་། བསམ་ངན་བཅངས་ཡོད་པ་འབའ་ཞིག་རེད་ཅེས་བརྗོད།
          ཀེང་ཧྲོང་གིས་ཞང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ས་ཁོངས་ཞིག་ཡིན་པ་དང་། ཞང་ཀང་གི་དོན་དག་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན། ཕྱི་ཕྱོགས་རྒྱལ་ཁབ་གང་རུང་ཞིག་གིས་བྱེད་ཐབས་གང་རུང་ཞིག་གི་ཐོག་ནས་ཞང་ཀང་གི་དོན་དག་ལ་ཐེ་གཏོགས་བྱེད་པར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། "ཞང་ཀང་གི་སྒེར་པ་ཁ་ཤས་ཀྱིས་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ་ཞང་ཀང་གི་དོན་དག་ལ་ཐེ་ཇུས་བྱས་མོད་ཀྱང་། ཁོ་ཚོའི་རེ་ངན་གཏན་ནས་འགྲུབ་མི་སྲིད"ཅེས་བརྗོད་པ་རེད།