མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སར་པི་ཡའི་ཙུང་ཐུང་ཉི་ཁོའོ་ལི་ཆི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་སར་པི་ཡའི་ཙུང་ཐུང་ཉི་ཁོའོ་ལི་ཆི་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སར་པི་ཡའི་ཙུང་ཐུང་ཉི་ཁོའོ་ལི་ཆི་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་སར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་དགོས་པའི་མོས་མཐུན་གཅིག་མཐུན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་སར་པི་ཡའི་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད། ན་ནིང་ཟླ་6པར་ངས་སར་པི་ཡར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་བྱས་ནས་སྐུ་ཞབས་ཙུང་ཐུང་དང་ལྷན་དུ་《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་སར་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་》ལ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སར་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་བཏང་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ང་ཚོས་མཐོ་རིམ་མི་སྣའི་དབར་འགྲོ་འོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་སྲིད་གཞུང་སོགས་ཕྱོགས་ཁག་གི་མི་སྣ་ཕན་ཚུན་འགྲོ་འོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་བྱ་བའི་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སར་པི་ཡའི་བཟོ་ལས་ཅན་བསྐྱར་མའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་དམ་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་སོགས་ཀྱི་མཐུད་སྐྲུན་རྣམ་གྲངས་ཆེ་གྲས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། བཟོ་ལས་གླིང་མཉམ་དུ་བསྐྲུན་རྒྱུར་དཔྱད་བསྡུར་ཧུར་ཐག་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ནུས་མཉམ་ལས། ཐོན་ལས་འཕེལ་རྒྱས་བཅས་ལ་ཕན་ཚུན་སྐུལ་འདེད་བཅས་བྱེད་དགོས་པ་དང་འབྲེལ་ཞིང་ལས་དང་། སྐྱེ་དངོས་དང་གསོ་རིག་སྨན་རྫས། བསྐྱར་སྐྱེས་ཆོག་པའི་ནུས་རྒྱུ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ཡུལ་སྐོར་དང་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི“16+1མཉམ་ལས”ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། ང་ཚོས་སར་པི་ཡ་ཕྱོགས་ཀྱིས་མུ་མཐུད་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་སར་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་པོའི་མཉམ་ལས་དང“16+1མཉམ་ལས”སྦྲེལ་མཐུད་ཡག་པོ་ཐུབ་པ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཆུ་ཚད་དེ་བས་མཐོ་བའི་ཐོག་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་དང་ལེགས་པ་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
         ཉི་ཁོའོ་ལི་ཆིས་སར་པི་ཡ་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ཀྲུང་གོར་ཐོབ་པའི་རླབས་ཆེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སེམས་གཏིང་ནས་བརྩི་འཇོག་དང་ཡིད་སྨོན་བྱེད་ཀྱི་ཡོད་ལ་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་སྐབས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་པར་སར་པི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོ་གཅིག་གི་སྲིད་ཇུས་ནམ་ཡང་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ནུས། གཏེར་རྫས། ཞིང་ལས་སོགས་ཀྱི་ཁྱབ་ཁོངས་སུ་དོན་གཉེར་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ་དང་འབྲེལ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།