མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏེན་མག་གི་དབུ་བཞུགས་བློན་ཆེན་ལཱ་སི་མུའུ་སེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཏེན་མག་གི་དབུ་བཞུགས་བློན་ཆེན་ལཱ་སི་མུའུ་སེན་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཏེན་མག་གི་དབུ་བཞུགས་བློན་ཆེན་ལཱ་སི་མུའུ་སེན་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། སྐྱོན་བྲལ་དང་། བརྟན་ལྷིང་། རྒྱུན་མཐུད་བཅས་ཀྱི་ཀྲུང་ཏེན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་འཚམ་པ་མ་ཟད། ཀྲུང་གོ་དང་ཡོ་རོབ་བྱང་མའི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་པ་ཡོད། 2016ལོ་ནི་ཀྲུང་ཏེན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར“ཡར་རྒྱས་བརྩོན་ལེན་བྱེད་པའི་ལོ་ཞིག”ཡིན་པ་དང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཏེ་དུས་བབ་གསར་པའི་འོག་ཀྲུང་ཏེན་ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་མཉམ་དུ་སྐུལ་སྤེལ་བཏང་ཡོད། ང་ཚོས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་2017ལོ་དེ་ཀྲུང་ཏེན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར“འབྲས་བཟང་སྨིན་པའི་ལོ”ཞིག་ཏུ་འགྱུར་བ་བྱེད་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཕྱོགས་ནས་ཀྲུང་ཏེན་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཁ་ཕྱོགས་འཆར་འགོད་ཡག་པོ་བྱས་ཏེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་སྣང་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དང་རིམ་ཁག་ཁྱབ་ཁོངས་ཁག་གི་མི་སྣ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས། དམངས་ཁྲོད་བཅས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། བཟའ་བཅའི་བདེ་འཇགས། ཞིང་ལས་ཚན་རྩལ། བསྐྱར་སྐྱེས་ནུས་རྒྱུ་བེད་སྤྱོད། གྲོང་ཁྱེར་དང་གྲོང་རྡལ་ཅན་སོགས་ཁྱབ་ཁོངས་གཙོ་བོར་བྱས་ཏེ་ལག་རྩལ་མཐོ་བ་དང་ཟུར་བསྣན་རིན་ཐང་མཐོ་བའི་མཉམ་ལས་དཔེ་གསར་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གི་མཉམ་ལས་ཁྱབ་ཁོངས་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས། བྲོས་འདེད་དངུལ་འདེད་སོགས་དངོས་སྒྲུབ་མཉམ་ལས་དང་དེ་བཞིན་སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་ཕན་ཚུན་མིག་དཔེ་ལྟ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་དང་དོམ་ཁྲའི་མཉམ་ལས་ཞིབ་འཇུག་དང་རྐང་རྩེད་སྤོ་ལོ་སོགས་མི་ཆོས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་བྱང་སྣེའི་ལས་འཛིན་ལྷན་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་བྱང་སྣེའི་མཉམ་ལས་རྒྱ་བསྐྱེད་གཏོང་དགོས།
         ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། ཡོ་རོབ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། འཕར་སྣོན། སྒྱུར་བཅོས། ཤེས་དཔལ་བཅས་ཕྱོགས་ཆེ་གྲས་བཞིའི་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད། ང་ཚོས་ཏེན་མག་སོགས་ཡོ་རོབ་བྱང་མའི་རྒྱལ་ཁབ་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་བྱང་མའི་མཉམ་ལས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ལཱ་སི་མུའུ་སེན་གྱིས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་ལས་དོན་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཏེན་ཀྲུང་རྒྱལ་ཁབ་གཉིས་དབར་2008ལོ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ཏེན་མག་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་གཉིས་ཕན་གཉིས་ཁེའི་གཞི་ཁྱོན་ཆེ་བའི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཏེན་མག་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་སྨན་བཅོས་འཕྲོད་སྦྱོར་དང་། བཟའ་བཅའ། སློབ་གསོ། རིག་གནས། ཡུལ་སྐོར། རྐང་རྩེད་སྤོ་ལོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཏེན་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་ཆོས་སྤེལ་རེས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་འདོད་ཡོད། ཏེན་མག་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྤེལ་རེས་མཐུན་སྦྱོར་ཟབ་ཏུ་གཏོང་བ་དང་། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོང་བཅས་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།