མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་
གྲུ་ཆེ་གྲས་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་གྱི་ཆུ་ཚོད་14ཡི་ཐོག་རང་རྒྱལ་གྱིས་རྒྱལ་སྤྱིའི་འཕུར་སྐྱོད་དང་འཚམ་པའི་ཚད་གཞི་གསར་ཤོས་ལ་གཞིགས་ཏེ་ཞིབ་བཟོ་བྱས་པའི་དམངས་སྤྱོད་གནམ་གྲུ་སྟེ་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཧྲང་ཧའེ་རུ་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་ཞིང་། དེའི་ཐད་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་ཞིབ་བཟོའི་ལས་འགན་ནང་ཞུགས་མཁན་ཚན་པ་དང་མི་སྣ་ཡོངས་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད།
           རྟེན་འབྲེལ་གློག་འཕྲིན་ནང་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་དེ་ནི་རང་རྒྱལ་གྱིས་རྒྱལ་སྤྱིའི་འཕུར་སྐྱོད་ལ་འཚམ་པའི་ཚད་གཞི་གསར་ཤོས་ལ་གཞིགས་ནས་ཞིབ་བཟོ་བྱས་པའི་རྐུབ་སྟེགས་150རིམ་པའི་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཞིག་རེད། འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ལ་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་པ་དང་། དེ་ནི་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་བཟོ་ལས་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་མཚོན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། གསར་གཏོད་རྣམ་པའི་རྒྱལ་ཁབ་དང་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།
          གནམ་གྲུ་དེ་གང་མགྱོགས་དགུང་སྔོན་དབྱིངས་སུ་འཕུར་ལྡིང་ཐུབ་པ་བྱ་རྒྱུ་ནི་ཀྲུང་གོ་བ་མི་རབས་འགའ་ཤས་ཀྱི་ཕུགས་འདུན་ཞིག་རེད། C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕུར་ཐེངས་དང་པོ་ལམ་ལྷོངས་བྱུང་བ་དེ་ནི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ཀྱི་འགག་རྩའི་གོམ་སྟབས་ཙམ་ཡིན་པས། རྗེས་མཐུད་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད། ཁྱེད་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་གནམ་གྲུ་ཆེ་གྲས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས། མཁའ་འགྲུལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་བཅས་ཀྱི་ཐོག་ནས་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་དེ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་འབྱེད་ཀྱི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་དང་གསར་གཏོད་རྣམ་པའི་རྒྱལ་ཁབ་དང་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་ཅིག་བཏོད་ནས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་བཞག་སྟེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ཐུགས་རེ་གནང་བ་རེད།