མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"རྒྱུད་གཅིག་ལམ་གཅིག"དབུ་འཛིན་གླེང་སྟེགས་ཀྱི་རྣམ་པ་སྔར་བས་ཇེ་རྒྱས་སུ་ཕྱིན་ཡོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་གྱི་འཆར་ཅན་གསར་འགོད་པའི་ཚོགས་འདུ་ཐོག ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཀེན་ཧྲོང་གིས་ད་ལྟ་བར་དུ། རྒྱལ་ཁབ་དང་སྲིད་གཞུང་29ཡི་དབུ་འཛིན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་གྱི་འགན་ཁུར་བ་3བཅས"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་ཀྱི་འགོ་ཁྲིད་པའི་ཟླུམ་ཅོག་དབུ་ཚོགས་སུ་ཞུགས་རྒྱུ་ཡིན་པའི་བྱེད་སྒོ་མཚམས་སྦྱོར་གནང་བ་རེད།
         ཀེན་ཧྲོང་གིས། རྒྱལ་ཁབ་130ལྷག་ཙམ་གྱི་ལས་རིགས་ཁག་གི་སྐུ་མགྲོན་1500ཙམ་དངོས་གཞིའི་འཐུས་མིའི་ཐོག་ནས་གླེང་སྟེགས་སུ་ཞུགས་རྒྱུ་ཡིན་ལ། འཛམ་གླིང་གི་གསར་འགོད་པ་4000ལྷག་ཙམ་གྱིས་ཐེངས་འདིའི་གླེང་སྟེགས་གསར་འགོད་བྱེད་པར་ཐོ་འགོད་བྱས་ཡོད་པས། གླེང་སྟེགས་ཀྱི་རྣམ་པ་སྔར་བས་ཇེ་རྒྱས་སུ་གྱུར་འདུག་ཅེས་བརྗོད་པ་རེད།
           ཀེན་ཧྲོང་གིས། ཐེངས་འདིའི་གླེང་སྟེགས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། གཙོ་བོ་འགོ་ཚུགས་མཛད་སྒོ་དང་། ཟླུམ་ཅོག་དབུ་ཚོགས། རིམ་པ་མཐོ་བའི་གྲོས་ཚོགས་བཅས་ཁག་གསུམ་ཡོད་ལ། དེའི་ནང་ཟླ་5ཚེས་14ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་ཀྱི་དབུ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གསུང་བཤད་གནང་རྒྱུ་དང་། དབུ་ཚུགས་མཛད་སྒོའི་རྗེས་སུ་རིམ་པ་མཐོ་བའི་གྲོས་ཚོགས་འཚོག་རྒྱུ། ཟླ་5ཚེས་14ཉིན་གྱི་ཕྱི་དྲོར། "སྦྲེལ་བ་ལྔ"དང་རིག་མཛོད་སྤེལ་རེས་ཞེས་པ་བརྗོད་དོན་དུ་བྱས་པའི་དུས་མཉམ་བརྗོད་དོན་གྲོས་ཚོགས་དྲུག་འཚོག་རྒྱུ། ཚེས་15ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླུམ་ཅོག་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་དང་། དབུ་ཚོགས་སུ་གྲོས་ཚོགས་རིམ་པ་དང་ལས་ཀའི་གུང་ཟས་རིམ་པ་གཉིས་འདུས་ཡོད་པ་རེད། དབུ་ཚོགས་ཀྱི་རྗེས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་ད་དུང་གསར་འགོད་པའི་ཚོགས་འདུར་ཞུགས་ཏེ་དབུ་ཚོགས་གླེང་སྟེགས་ཀྱི་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་གནང་རྒྱུ་རེད་ཅེས་བརྗོད།
           ཀེན་ཧྲོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོ་ཕྱོགས་ཀྱིས་ཟླུམ་ཅོག་དབུ་ཚོགས་སུ་ཞུགས་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་རྒྱུ་ཡིན་ལ། སྤྱི་བསྒྲགས་དེས་ཕྱོགས་ཁག་གི"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ཁྲོད་ཀྱི་ཐུན་མོང་གི་ངོས་འཛིན་དེ་མཚོན་ཡོད། གླེང་སྟེགས་སྐབས། ཚོགས་ཞུགས་ཕྱོགས་ཁག་གིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྣེ་མཐུད་དང་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་དངོས་སུ་ཁག་གཅིག་ཀྱང་སྟོབས་ཤུགས་ཆིག་སྒྲིལ་གྱིས་གཏོད་རྒྱུ་ཡིན་པས། དེ་དུས་མཉམ་ལས་ཀྱི་ཡིག་ཆ་རབ་དང་རིམ་པ་པར་མཚན་རྟགས་འགོད་རྒྱུ་ཡིན་པ་རེད་ཅེས་བརྗོད། 
           ཀེན་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་གླེང་སྟེགས་འདི་ཉིད་གོ་སྐབས་སུ་བྱས་ཏེ་འདོད་མཐུན་མཚུངས་པའི་གྲོགས་པོ་ཚོ་དང་མཉམ་དུ་མཉམ་ལས་ཀྱི་ཇུས་ཆེན་གྲོས་མོལ་བྱས་ཏེ་སྒོ་འབྱེད་པའི་སྤྱི་སྟེགས་བསྐྲུན་པ་དང་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་བསྟན་པ་རེད།