མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ཐེངས་དང་པོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་
སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད་2017ལོ་ནས་བཟུང་ལོ་ལྟར་གྱི་ཟླ་6པའི་གཟའ་སྤེན་པ་ཐེངས་གཉིས་པ་དེ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར”གཏན་འཁེལ་བྱས་ཤིང་། རང་རྒྱལ་གྱིས་ཐེངས་དང་པོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
           དེ་ནི་གསར་འགོད་པར་སྡོད་ཁང་འཛུགས་སྐྲུན་པུས་ཚེས་12ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་གསར་འགྱུར་ཞིག་རེད། སྡོད་ཁང་འཛུགས་སྐྲུན་པུའི་གྲོང་ཁྱེར་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་ཀྲང་ལིན་ཝུའེ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་འདི་ལོ་ནི་རང་རྒྱལ་གྱིས་འཛམ་གླིང་གི་རང་བྱུང་ཤུལ་བཞག་བྱ་གཞག་སྤེལ་ནས་ལོ་30འཁོར་བ་དང་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་བྱ་གཞག་སྤེལ་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་30ལྷག་ཙམ་རིང་རང་རྒྱལ་གྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་དང་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་བྱ་གཞག་ཕན་ཚུན་མཉམ་འདྲེས་བྱས་པ་དང་ཕན་ཚུན་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ལས་རིགས་གཅིག་པ་ཚོའི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་རེད།
          མིག་སྔའི་བར་རང་རྒྱལ་ལ་འཛམ་གླིང་ཤུལ་བཞག་བསྡོམས་འབོར་50ཟིན་པ་དང་བསྡོམས་འབོར་དེ་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། དེའི་ནང་འཛམ་གླིང་གི་རང་བྱུང་ཤུལ་བཞག་11དང་། རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་4 རིག་གནས་ཤུལ་བཞག་30 རིག་གནས་མཛེས་ལྗོངས་ཁུལ་5བཅས་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་སྟེ་བཙུགས་པའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་244དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་སྟེ་བཙུགས་པའི་ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་807ཡོད་པ་དེ་གཉིས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་21.4ཟིན་པ་དེས་རང་རྒྱལ་གྱི་སྐམ་སའི་སྤྱིའི་རྒྱ་ཁྱོན་གྱི་2.23%བཟུང་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། སྡོད་ཁང་འཛུགས་སྐྲུན་པུས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐེངས་དང་པོ་སྤེལ་འགོ་ཚུགས་པའི་བྱེད་སྒོ་དང་ཀྲུང་གོའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་སྐུལ་སྤེལ་ཚོགས་འདུ། ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་གྲུབ་འབྲས་འགྲེམས་སྟོན། འཛམ་གླིང་ཤུལ་བཞག་གི་ཆེད་དོན་འགྲེམས་སྟོན། རང་བྱུང་ཤུལ་བཞག་ཐོན་ཁུལ་དུ་སྐྱོད་པ་སོགས་ཀྱི་བྱེད་སྒོ་ཁག་10ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་པ་རེད།