མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་21གིས་ཚད་ལྡན་ཅན་གྱི་མཉམ་
ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། 《“རྒྱུད་གཅིག་ལམ་གཅིག”གི་ཚད་ལྡན་སྦྲེལ་མཐུད་ཀྱི་བྱ་སྤྱོད་འཆར་གཞི་(2015—2017)》ལག་ལེན་བསྟར་ནས་ལོ་གཉིས་སོང་ཚུན་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། མིག་སྔར་རྒྱལ་ཁབ་ཚད་ལྡན་ཨུ་ལྷན་གྱིས་མཁའ་འགྲུལ་མཁའ་སྤྱོད་དང་། ངར་ལྕགས། ལས་གྲྭའི་འཕྲུལ་ཆས། ཁྱིམ་སྤྱོད་གློག་ཆས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ཕྱི་རྒྱལ་ཡི་གེའི་པར་གཞི་ཁག་74ཡོངས་བསྒྲགས་བྱས་ནས་ཚད་གཞི“ཕྱིར་བསྐྱོད་རྒྱུ”མགྱོགས་སུ་བཏང་བ་དང་། དུས་རབས་21གི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་སྒྲིག་གཞི་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ད་ཆ་རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་རྒྱལ་ཁབ་ཁྲོད་བསྡུ་གྲངས་བཟུང་ཚད་32%ཟིན་ནས་ཕན་ཚུན་སྦྲེལ་མཐུད་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད་པ་རེད།
          དེ་དང་ཆབས་ཅིག་ཚད་ལྡན་ཨུ་ལྷན་གྱིས་ད་དུང་ལམ་རྒྱུད་རྒྱལ་ཁབ་ཀྱིས་ཚད་ལྡན་ཅན་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་ཡོད་པ་རེད། ཁམ་ཕུ་ཁྲེ་དང་ལོ་སོའི་ཁེ་ལས་ཀྱིས་རང་རྒྱལ་གྱི་ཚད་གཞི་གཞིར་བཟུང་སྔོ་ཚལ་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ་སོགས་ཁེ་ལས་ཀྱི་ཚད་གཞི་ཁག་བརྒྱད་བཟོ་བར་མཛུབ་ཁྲིད་བྱས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཞིང་ལས་ཚད་ལྡན་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཞིང་ལས་ཚད་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ཁྱབ་སྤེལ་བཏང་སྟེ་འབྲེལ་ཡོད་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད། བསྡོམས་རྩིས་ལ་གཞིགས་ན། ལོ་སིར་ཆུ་འབྲས་དང་། མ་རྨོས་ལོ་ཏོག ཧ་སྨི་ཀྭ ཀྲོ་མ་ཀྲུ་སོགས་ཞིང་ལས་སྐྱེ་དངོས་ཆ་སྙོམས་ཐོན་ཚད་ཚད་ལྡན་ཅན་གྱི་འདེབས་འཛུགས་མ་བྱས་གོང་ལས་17.3%འཕར་ཡོད་པ་དང་། ཁམ་ཕུ་ཁྲེར་སུར་པན་དང་། གང་བུ། ཀྲོ་མ་ཀྲུ་སོགས་ཞིང་ལས་སྐྱེ་དངོས་ཀྱི་ཆ་སྙོམས་ཐོན་ཚད་ཚད་ལྡན་ཅན་གྱི་འདེབས་འཛུགས་མ་བྱས་གོང་ལས་16.7%འཕར་ཡོད་པ་རེད།