མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་
ཁྱེར་བཅས་ཚང་མར་སྦྲེལ་མཐུད་བྱུང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྡེ་ཚན་ཁག་དབར་གྱི“ཆ་འཕྲིན་འབྲེལ་མེད”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བཙུགས་ནས་སྡེ་ཚན་37དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚང་མར་སྦྲེལ་མཐུད་བྱུང་བ་དང་། རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཡིད་རྟོན་ཆ་འཕྲིན་དུང་ཕྱུར་22ཙམ་གཅིག་སྡུད་བྱས་པ་རེད།
       འདི་ནི་གསར་འགོད་པས་ཚེས་20ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཅང་ཤིས་ནན་ཁྲང་དུ་འཚོགས་པའི“ཁ་དན་ཚིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི”ས་གནས་ས་ཐོག་གི་སྤེལ་རེས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
      རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནོར་སྲིད་དང་དངུལ་རྩ་སིའི་སི་ཀྲང་གཞོན་པ་ཁྲེན་ཧུང་ཡོན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་བཅས་དང་མཉམ་དུ་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་གྲུབ་འབྲས་ཡག་པོ་ཐོབ་ཡོད། སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་ཨང་གཅིག་གྱུར་བཟོས་ནས་རང་བྱུང་མི་ཚང་མ་དང་། ཁྲིམས་མི་ཡོངས། ཁྲིམས་མི་མིན་པའི་རྩ་འཛུགས་བཅས་ཚང་མར་ཐོབ་ཐང་མཚོན་རྟགས་ཉག་གཅིག་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བཙུགས་ཏེ་སྡེ་ཚན་37དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཡོངས་ལ་སྦྲེལ་མཐུད་ཐུབ་པ་དང་རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཡིད་རྟོན་ཆ་འཕྲིན་དུང་ཕྱུར་22ཙམ་གཅིག་སྡུད་བྱས་པ། “ཡིད་རྟོན་ཀྲུང་གོ”ཞེས་པའི་དྲ་ཚིགས་བཙུགས་ནས་སྤྱི་ཚོགས་ལ་གཅིག་འཐུས་རྣམ་པའི་ཡིད་རྟོན་ཆ་འཕྲིན་བཙལ་འཚོལ་མཁོ་འདོན་བྱས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཁ་དན་ཚིག་གནས་ཀྱི་མཉམ་འབྲེལ་སྐུལ་གཏོང་དང་ཁ་དན་ཚིག་ལ་མ་གནས་པའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་སྲོལ་བཙུགས་ནས་ས་ཁུལ་བརྒལ་བ་དང་། སྡེ་ཚན་བརྒལ་བ། ཁྱབ་ཁོངས་བརྒལ་བ་བཅས་ཀྱི་མཉམ་ལས་ལྟ་སྐུལ་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།