མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ན་ནིང་ཟླ་བ་དགུ་པར་ཀྲུང་གོ་དང་བྷེ་ཨུ་རུ་སུ་རྒྱལ་ཁབ་གཉིས་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཉིས་ཕན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་དབར་གྱི་འབྲེལ་བ་གོང་འཕེལ་གྱི་དུས་མཚམས་གསར་པ་བཏོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་དངོས་སྒྲུབ་མཉམ་ལས་ཐད་ཕྱོགས་ཡོངས་དང་རིམ་པ་མང་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པའི་ཁར་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་འདི་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད་པས་བྷེ་ཨུ་རུ་སུ་ཕྱོགས་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་གཉིས་ཕན་འཕེལ་རྒྱས་ཡོང་བ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སྲིད་ཇུས་འབྲེལ་མཐུད་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་བསྲིང་བྱེད་དགོས། དཔལ་འབྱོར་ཚོང་དོན་དང་མ་འཇོག་མཉམ་ལས་ཟབ་ཏུ་དང་ཕྱོགས་གཉིས་པོའི་ཚོང་དོན་དོ་མཉམ་དང་རྒྱུན་བསྲིང་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ས་གནས་མཉམ་ལས་ཀྱི་སྒུལ་ནུས་གསར་པ་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས་སློབ་གསོ་དང་། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་རིག་གནས་ལྟེ་གནས་བསྐྲུན་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
          ལུའུ་ཁ་ཧྲེན་ཁོ་ཡིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། བྷེ་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ནི་ལྷག་བསམ་ཟོལ་མེད་ཀྱི་རོགས་ཟླ་ཞིག་རེད། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25སོང་རིང་ཕྱོགས་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་མཉམ་ལས་བྱ་རྒྱུ་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཐོན་ནུས། ཚན་རྩལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ལུས་རྩལ། ཡུལ་སྐོར་སོགས་ཀྱི་ཐད་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ལ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་སོགས་བྷེ་ཨུ་རུ་སུའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།