མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2017ལོར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་བྱེད་སྐབས་ཀུན་སྤྱོད་ཡག་
པོ་མེད་ཚེ“སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས”ལག་བསྟར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མི་སྤྱི་པུའུ་དང་སློབ་གསོ་པུས་མཉམ་སྦྲེལ་ཐོག་པར་འགྲེམས་བྱས་པའི་《2017ལོ་འཁོར་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》གཞིར་བཟུང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་བྱེད་སྐབས་དཔྱད་རྩོམ་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་དུ་མི་བརྩི་བར་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་མེད་ཚེ“སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས”ལག་བསྟར་བྱ་རྒྱུ་མ་ཟད། འཐབ་ས་དང་པོའི་དགེ་རྒན་དང་ལྷག་དོན་དུ་གྲོང་གསེབ་ཀྱི་དགེ་རྒན་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།
       བརྡ་ཐོའི་ནང་བསྟན་དོན། དགེ་རྒན་གྱི་ཀུན་སྤྱོད་དེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་གདེང་འཇོག་བྱེད་པའི་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མི་སྒེར་གྱི་ལས་འགན་སྒྲུབ་ཚུལ་དང་། ཞིབ་དཔྱད་དཔྱད་མོལ། སློབ་མ་དང་ཁྱིམ་བདག་གི་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་ཐོག་ནས་དགེ་རྒན་གྱི་ལས་རིགས་སྤྱོད་ལམ་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་མེད་རིགས་ལ“སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས”ལག་བསྟར་བྱ་རྒྱུ་རེད། དགེ་རྒན་གྱི་སློབ་ཁྲིད་དང་མི་གསོ་སྐྱོང་གི་ལས་ཀའི་གྲུབ་འབྲས་དང་ལེགས་སྐྱེས་ཕུལ་མིན་ལ་རྟོག་ཞིབ་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་ཡིན་པས་འཐབ་ས་དང་པོའི་དགེ་རྒན་གྱི་ལས་ཀའི་དོན་དངོས་དང་སྔར་བས་འཚམ་པ་དང་སློབ་རྒྱུས་དང་དཔྱད་རྩོམ་ལ་ནན་བཤད་བྱེད་དྲག་པར་འགྱུར་ལྡོག་ཏན་ཏིག་བཏང་སྟེ་དཔྱད་རྩོམ་ཉིད་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་དུ་མི་བརྩི་བར་སློབ་ཁྲིད་ཀྱི་ཟིན་བྲིས་དང་། ཞིབ་འཇུག་སྙན་ཞུ། ལས་ཀའི་ཕྱོགས་སྡོམ་སོགས་སློབ་ཁྲིད་གྲུབ་འབྲས་ཀྱིས་དཔྱད་རྩོམ་གྱི་ཚབ་བྱ་རྒྱུ་རེད།
      བརྡ་ཐོའི་ནང་ཁ་གསལ་བསྟན་དོན། འཐབ་ས་དང་པོའི་དགེ་རྒན་དང་ལྷག་དོན་དུ་གྲོང་གསེབ་དགེ་རྒན་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དཔྱད་ཞིབ་མོས་མཐུན་ཐོབ་པའི་མཐོ་རིམ་དགེ་རྒན་ནང་སློབ་གྲྭ་དང་སློབ་ཁྲིད་ཞིབ་འཇུག་སྒྲིག་གཞིའི་སྲིད་འཛིན་འགོ་ཁྲིད་ཀྱི་གོ་གནས་འཁུར་མཁན་གྱིས་རྩ་དོན་ཐོག་30%ལས་བརྒལ་མི་ཆོག གྲོང་གསེབ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུན་རིང་གྲོང་གསེབ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ལས་ཀ་བྱེད་བཞིན་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་སློབ་རྒྱུས་ཀྱི་རེ་བ་ལྷུག་ཏུ་བཏང་ནས་དཔྱད་རྩོམ་དང་། གོ་མིང་གི་ཕྱི་སྐད། རྩིས་འཁོར་བཀོལ་སྤྱོད་ནུས་པ་བཅས་ཀྱི་རེ་བར་མི་བལྟོས་པར་དེའི་ལས་ཀའི་བྱས་རྗེས་ལ་རྟོག་ཞིབ་བྱ་རྒྱུ་གཙོ་གནད་དུ་བྱེད་པ་དང་ལས་ཀ་དངོས་སྒྲུབ་པའི་ལོ་ཚད་ཀྱི་ཞིབ་དཔྱད་ལ་སྣང་ཆེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
       བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་ཀྱི་གཟུར་གཡོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་ཞུ་གཏུག་ལམ་ལུགས་བཙུགས་ནས་དགེ་རྒན་གྱི་ཁེ་དབང་སྲུང་སྐྱོབ་ཀྱི་ལམ་བུ་ཤར་གཏོང་ཡོང་བ་བྱེད་དགོས། ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་གོ་མིང་དཔྱད་ཞིབ་བྱེད་མི་ཆོག་པའི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས་ལས་འཁྱུར་ངལ་གསོ་མ་བརྒྱབ་གོང་གོ་མིང་ཐོབ་གང་ཐུབ་བྱ་རྒྱུར་སྔོན་འགོག་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་བྱེད་རིང་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་སློབ་གྲྭའི་འགོ་ཁྲིད་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་རང་ཉིད་དམ་ཡང་ན་མི་གཞན་གྱི་གོ་མིང་དཔྱད་ཞིབ་བྱས་པར་ཁེ་ཕན་ཐོབ་ཐབས་བྱེད་མི་རུང་བའི་བླང་བྱ་བཏོན་ཡོད་པ་རེད།