མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྐོར་གཟིགས་སྐབས་ལས་འགན་འཁུར་ཡུན་ནང་ཡོངས་སུ་ཁྱབ་རྒྱུ་གཅིག་གི་མངོན་
འགྱུར་ཐེངས་དང་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཚེས་21ཉིན་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་རེས་སྐོར་བཅུ་གཉིས་པའི་སྐོར་གཟིགས་ཀྱིས་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་མཐོ་སློབ་ཀྱི་ཚུར་ལན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་རེས་སྐོར་བཅུ་གཉིས་པའི་སྐོར་གཟིགས་ཀྱི་ཚུར་ལན་གནས་ཚུལ་ཚང་མ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་མཚོན་ཡོད། དེ་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་སྐོར་གཟིགས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། ས་ཁུལ་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། གཞུང་ཁོངས་ཀྱི་རྐང་འཛིན་ཁེ་ལས་གལ་ཆེན། ཀྲུང་དབྱང་གི་དངུལ་རྩའི་ཚན་པ་དང་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་མཐོ་སློབ་བཅས་ཕྱོགས་ཡོངས་ལ་སྐོར་གཟིགས་བྱ་རྒྱུ་དུས་བཀག་ལྟར་ལེགས་གྲུབ་ཟིན་ནས་ཏང་གི་ལོ་རྒྱུས་ཐོག་སྐབས་གཅིག་གི་ལས་འགན་འཁུར་ཡུན་ནང་ཀྲུང་དབྱང་སྐོར་གཟིགས་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་ཐེངས་དང་པོ་བྱུང་བ་མཚོན་ཡོད། རེས་སྐོར་བཅུ་གཉིས་པའི་སྐོར་གཟིགས་ཀྱིས་ཚན་པའི་ཏང་རྩ་འཛུགས་277ལ་སྐོར་གཟིགས་ལེགས་གྲུབ་ཟིན་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་16ལ“ཕྱིར་མིག་ལྟ་བ”དང་ཚན་པ་14ལ“བབ་བསྟུན་རྣམ་པའི”སྐོར་གཟིགས་བྱས་ཡོད།
           ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས“ཁག་བགོས་རེས་སྐོར”ལ་རིམ་པས་སྐུལ་འདེད་བཏང་བ་བརྒྱུད་ཀྲུང་དབྱང་གི་རིམ་པ་དང་པོའི་སྐོར་གཟིགས་བྱ་ཡུལ་དེ་ས་གནས་དང་། སྡེ་ཚན། ཀྲུང་དབྱང་ཁེ་ལས། དངུལ་རྩ། བྱ་གཞག་ཚན་པ་བཅས་ཁག་ཆེ་གྲས་ལྔ་ལ་དབྱེ་ཡོད་པ་མ་ཟད། ཁག་སོ་སོར་རེ་རེ་བཞིན་ཁྱབ་པ་བྱས་ཡོད།