མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་མོ་སི་ཁོར་ཕེབས་འབྱོར་ཟིན་ནས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་
འཚམས་འདྲི་གནང་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 17:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་ཕྱིར་ཐོན་པ།

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་ཕྱིར་ཐོན་པ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཅིང་ནས་ཞལ་གྱེས་ཏེ་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་དང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཧྲེ་ཐའེ་དབྱིན་མེར་དང་ཙུང་ལི་མོ་ཁེར་གྱི་གདན་ཞུས་ལྟར་ཨུ་རུ་སུ་དང་འཇར་མན་དུ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་མ་ཟད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཁེར་གྱི་གདན་ཞུས་ལྟར་འཇར་མན་གྱི་གྲོང་ཁྱེར་ཧན་པའོ་རུ་འཚོག་རྒྱུའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཉིས་པར་ཞུགས་རྒྱུ་ཡིན་པ་རེད།
          ཞི་ཅིན་ཕིང་དང་ལྷན་དུ་འཚམས་འདྲིར་ཕེབས་མཁན་གྲས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲན་ཧྲུའུ། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཀྲོའུ་ཞའོ་ཁྲོན་སོགས་ཡོད་པ་རེད།
          ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་མོ་སི་ཁོར་ཕེབས་འབྱོར་ཟིན་ཏེ་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
          ས་གནས་དེའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་30ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མོ་སི་ཁོའི་ཧྥུའུ་ནུའུ་ཁོ་ཨའོ་ཆེད་གཏོང་གནམ་གྲུའི་གནམ་ཐང་དུ་ཕེབས་འབྱོར་ཟིན་པ་རེད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་དོན་ཕེབས་སྐབས་ཨུ་རུ་སུ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་པ་རེད།
           ཞི་ཅིན་ཕིང་གནམ་ཐང་དུ་ཕེབས་བསུ་ཞུ་བའི་མཛད་སྒོར་ཞུགས་པ་དང་། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་མཛའ་མཐུན་ཟབ་པའི་ཨུ་རུ་སུ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། མིག་སྔར། ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཕྱོགས་གཉིས་པོས་ཕ་རོལ་པོའི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་ཧུར་ཐག་ཡོང་བ་བྱེད་དགོས། རྙོག་འཛིང་ཆེ་ལ་འགྱུར་བ་མང་བའི་རྒྱལ་སྤྱིའི་གནས་བབ་ཐད་ཀྲུང་གོ་དང་ཨུ་རུ་སུས་རྒྱལ་ཁབ་ཆེན་པོའི་ནུས་པ་བཏོན་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་པ་མ་ཟད། མཉམ་ལས་གཉིས་ཕན་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་དེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དྲང་ནུས་སྟོབས་ཆེན་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ད་རེས་ནི་རང་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཨུ་རུ་སུར་ཡོང་ཐེངས་དྲུག་པ་ཡིན། ངས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཕྱོགས་གཉིས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་མ་གཏོང་བ་དང་དེ་བཞིན་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་དང་འབྲེལ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་རྒྱ་ཁྱབ་ངང་སྤེལ་རེས་བྱ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། ད་རེས་ཀྱི་འཚམས་འདྲི་བརྒྱུད་ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་རྒྱུ་ཡིན་པར་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གནམ་ཐང་དུ་ཕེབས་བསུ་ཞུ་བའི་མཛད་སྒོར་ཞུགས་པ།
ཞི་ཅིན་ཕིང་གནམ་ཐང་དུ་ཕེབས་བསུ་ཞུ་བའི་མཛད་སྒོར་ཞུགས་པ།