མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ནས་ཏང་གི་ཚོགས་
ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ནས་ཏང་གི་ཚོགས་
ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་གསུངས་པ།

           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་ཀྱིས་ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁུར་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
           ཧྲན་ཤིས་ཀྱི་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཟླ་6ཚེས་21ཉིན་ནས་ཚེས་23ཉིན་བར་ཞི་ཅིན་ཕིང་གིས་ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཧུའེ་ཉིང་དང་ཧྲེང་ཀྲང་ལོའུ་དབྱང་ཧྲེང་གི་ཕེབས་རོགས་འོག ལུའེ་ལེང་དང་། ཤིན་ཀྲོའུ། ཐའེ་ཡོན་སོགས་ས་ཆར་ཕེབས་ནས། གསར་བརྗེའི་དྲན་གསོ་ཁང་དང་གསར་རྗེའི་གནས་རྙིང་མཇལ་བར་ཕེབས་པ་དང་། གྲོང་གསེབ་དང་ཁེ་ལས་སུ་ཕེབས་ནས་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
          གཟིགས་སྐོར་མཇུག་འགྲིལ་སྐབས་ཞི་ཅིན་ཕིང་གིས་ཅིན་སུའེ་མཐའ་ཁུལ་གྱི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། ཁོང་ཚོའི་ལེགས་སྐྱེས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཁོང་རྣམ་པ་ནད་མེད་ཚེ་རིང་དང་ཚེ་མཇུག་བདེ་སྐྱིད་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་དང་འབྲེལ། ཁོང་རྣམ་པ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
          གསར་བརྗེའི་ཁུལ་རྙིང་པའི་མི་དམངས་ཀྱི་འཚོ་བ་ཅི་འདྲ་འདུག་གམ། གསར་བརྗེའི་ཁུལ་རྙིང་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ཇི་ལྟར་བྱུང་ཡོད་དམ་ཞེས་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་བཞེས་གནང་། ཚེས་21ཉིན་གྱི་ཕྱི་དྲོར་ཁོང་རླངས་འཁོར་ལ་ཆུ་ཚོད་1ལྷག་བཞུགས་ནས་ཤིན་ཀྲོའུ་གྲོང་ཁྱེར་ཁོའོ་ལན་རྫོང་ཀྲའོ་ཅཱ་ཝཱ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས།
          ཀྲའོ་ཅཱ་ཝཱ་གྲོང་ཚོ་ནི་ལུའེ་ལེན་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། ཞི་ཅིན་ཕིང་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་ལིའུ་ཧྥུའུ་ཡོའུ་དང་། ཚའོ་ལིའུ་རེན། ཝང་སན་ཉུས་བཅས་ཀྱི་ཁྱིམ་དུ་གཟིགས་པར་ཕེབས་ཤིང་། དུད་ཚང་རེ་རེར་ཕེབས་སྐབས་ཁོང་གིས་འཚོ་བའི་མཁོ་ཆས་ལ་ཞིབ་ཕྲ་གཟིགས་པ་དང་ནང་མིའི་གནས་ཚུལ་དང་དེ་བཞིན་གཞི་རྩའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཁྱིམ་བདག་དང་ལྷན་དུ་ཡོང་འབབ་དང་འགྲོ་སོང་རྩིས་ཁྲར་རྩིས་བསྐྱོན་པ་དང་དབུལ་པོ་ཆགས་རྐྱེན་དང་དབུལ་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་པའི་ཕན་འབྲས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
          དེ་རྗེས་ཞི་ཅིན་ཕིང་གིས་གྲོང་ཚོ་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཁུངས་འབའ་ཞིག་ཡིན་པའི་ཁྲོན་པར་གཟིགས་ཞིབ་གནང་བ་དང་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་ཕེབས་ནས་འགྱིག་ཤོག་སྲབ་མོའི་ཁ་ཕྱེས་ཏེ་ཐན་འགོག་བཤེར་སྲུང་བྱ་ཐབས་མཁྱེན་རྟོགས་གནང་བ་མ་ཟད། གྲོང་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་ལས་སྒྲུབ་ཁང་དུ་ཕེབས་ཏེ་རྫོང་ནས་མངགས་པའི་དབུལ་སྐྱོར་ལས་དོན་རུ་མིར་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས། མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ་བྱ་རྒྱུ་ནི་ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་ཁས་ལེན་ཞིག་ཡིན་པས། ལས་འགན་ཇི་ཙམ་ལྕི་བ་དང་དཀའ་ཚེགས་ཇི་ཙམ་མྱོང་དགོས་བྱུང་ཡང་ཁས་ལེན་དེ་ངེས་པར་དུ་མངོན་འགྱུར་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་རིམ་ཁག་དབུལ་སྐྱོར་ལས་དོན་རུ་མིས་ལུས་ཚུགས་ཐུབ་པ་བྱས་ཏེ་ལས་དོན་ཏན་ཏིག་བསྒྲུབ་ནས་མང་ཚོགས་དབུལ་པོར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པའི་ཁྲོད་རིན་ཐང་མངོན་འགྱུར་དང་འཇོན་ཐང་ཆེ་རུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད། ཞལ་གྱེས་སྐབས་གྲོང་ཚོ་ཡོངས་ཀྱི་མིས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ནས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྐད་སྒྲས་གྲོང་ཚོ་ཡོངས་ཁེངས།
          ཚེས་22ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཐའེ་ཡོན་དུ་ཐའེ་ཡོན་ལྕི་བའི་བཟོ་ལས་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཚད་ཡོད་ཀུང་སི་དང་ཧྲན་ཤིས་ཀང་ཁོའོ་ཐཱན་རྒྱུ་ཆ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་རེད། ཐའེ་ཡོན་ལྕི་བའི་བཟོ་ལས་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཚད་ཡོད་ཀུང་སིར་ཞི་ཅིན་ཕིང་གིས་འཁོར་ལོའི་འཁོར་ཁང་དང་ཕུག་འདྲུ་འཕྲུལ་ཆས་ཀྱི་འཁོར་ཁང་དུ་རྟོག་ཞིབ་གནང་བ་དང་གཅོད་འབྲེག་ཚོད་འཛིན་ཁང་དང་ལྕགས་རྡུང་ཚོད་འཛིན་ཁང་དེ་བཞིན་ལས་སྒྲུབ་བྱ་ཡུལ་གྱི་ལས་བཟོ་དང་སྤེལ་རེས་གནང་ནས། ཁེ་ལས་ཀྱིས་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཞིབ་འཇུག་གསར་གཏོད་དང་། འཆར་འགོད། བཟོ་སྐྲུན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་རྗེས་ཧྲན་ཤིས་ཞིང་ཆེན་གྱི་སྒྲིག་ཆས་བཟོ་སྐྲུན་དང་། གློག་རྡུལ་ཆ་འཕྲིན། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། རྒྱུ་ཆ་གསར་པ། དེང་རབས་སོལ་འགྱུར་བཟོ་ལས་སོགས་ཐད་ཀྱི་ཁེ་ལས་ཀྱི་རང་རྟེན་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་ཞིང་ཆེན་ཡོངས་ཀྱིས་ཐོན་ཁུངས་རྣམ་པའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་སྤེལ་དང་གསར་གཏོད་མ་ལག་སྐྱེད་སྲིང་བྱས་ཚུལ་གྱི་ཁྱོན་ཡོངས་ཀྱི་སྙན་ཞུ་གསན་གནང་བ་རེད། ཞི་ཅིན་ཕིང་གིས། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་སྤེལ་གཏོང་བར་ངེས་པར་དུ་ཁེ་ལས་ཀྱིས་བྱེད་པོ་དང་ཁྲོམ་རས་ཕྱོགས་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལག་རྩལ་སྒྱུར་བཀོད་དང་། ལག་རྩལ་ཡར་རྒྱས། ལག་རྩལ་གསར་གཏོད་བཅས་ཀྱིས་ཚད་བརྒལ་བྱེད་ས་བྱེད་དགོས། ཁེ་ལས་ལ་ཐོན་ལས་རྩ་འཛུགས་རྣམ་པ་གསར་གཏོད་བྱ་རྒྱུའི་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་སྔོན་ཐོན་ཚད་གཞིར་དམིགས་ཏེ་ཐོན་རྫས་ཀྱི་ལག་རྩལ་དང་། བཟོ་རྩལ་གྱི་སྒྲིག་ཆས། ནུས་རྒྱུའི་ཕན་འབྲས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཁེ་ལས་ཀྱིས་རང་རྒྱལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་བེད་སྤྱོད་ཡག་པོ་བཏང་ནས་ལག་རྩལ་གསར་གཏོད་དང་སྤུས་རྟགས་གཏོད་རྒྱུའི་ཐད་གནམ་ས་དེ་བས་ཡངས་བ་གཏོད་ཐུབ་པའི་ཐུགས་རེ་གནང་བ་རེད།
         ཧྲན་ཤིས་ཀང་ཁོའོ་ཐཱན་རྒྱུ་ཆ་ཚད་ཡོད་ཀུང་སིར། ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ་མཐོ་སྣེའི་ཐཱན་གྱི་ཚི་སྣ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བཀོལ་སྤྱོད་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་དང་། T800རིམ་པའི་ནུས་ཆེའི་ཐཱན་གྱི་ཚི་སྣ་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ། ཐོན་སྐྱེད་བཟོ་རྩལ་ལ་མཁྱེན་རྟོགས། ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་བཅས་གནང་བ་དང་འབྲེལ་ཚན་རྩལ་པ་ཚོ་དང་སྤེལ་རེས་ཀྱང་གནང་བ་རེད།
         རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་ཧྲན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་སྦྲགས་ཧྲན་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས། ཧྲན་ཤིས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གོ་སྐབས་དམ་འཛིན་བྱས་ནས་སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་དང་། བློ་ཐག་ཆོད་པོས་འགྲན་སློང་ལ་ཁ་གཏད་གཅོག་པ། འགག་སྒྲོལ་དཀའ་སེལ་བྱེད་མཁས་པ་བཅས་བྱས་ནས་བྱ་གཞག་ཁག་གོང་འཕེལ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་བཏོན་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུངས་དོན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བའི་རང་བཞིན་གྱི་རྨང་གཞིའི་ལས་དོན་ཡིན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཏང་ཡོན་ལས་བྱེད་པར་རང་འགུལ་ངང་ཏང་གཤིས་སྦྱོང་བརྡར་དང་རང་སྐྱོན་རང་བརྟག་ཡག་པོ་བྱས་ཐོག་ཏང་གི་ལམ་ལུགས་དང་སྒྲིག་ལམ་ཁག་ལག་བསྟར་ཡག་པོ་བྱས་ནས་རང་ངོས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུའི་སློབ་གསོ་གཏོང་དགོས། ཏང་གི་སྲོལ་རྒྱུན་བཟང་པོ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་མཉམ་འདྲེས་མཉམ་སྦྲེལ་ཐུབ་པ་བྱས་ཐོག་ཡ་རབས་སྤྱོད་གཙང་ལྡན་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གི་དར་སྲོལ་ཡག་པོ་ཧུར་ཐག་ཆགས་པ་བྱེད་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་བའི་གྲུབ་འབྲས་དེ་ཏང་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྒྱུན་མཐུད་སྒུལ་ཤུགས་སུ་འགྱུར་བ་བྱས་ཐོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སེམས་ཤུགས་དེ་སྒྱུར་བཅོས་དང་འཕེལ་རྒྱས་ཐོག་ཁྲིད་སྟོན་བྱས་ནས། སྤྱོད་པ་གཙང་བའི་མིར་ལས་སྒྲུབ་གོ་སྐབས་སྔར་བས་མང་བ་སྤྲོད་དགོས་པ་དང་། ལས་ཀ་བྱེད་མཁན་ལ་ཁོར་ཡུག་སྔར་བས་དྭངས་གཙང་ཡོད་པ། སྤྱོད་པ་གཙང་ཞིང་ལས་ཀ་བྱེད་འདོད་པའི་མིས་བློ་རྩེ་གཅིག་སྒྲིམ་ངང་འཇོན་ཐང་ངོམས་ཐུབ་པ་བྱས་ཏེ་ཏང་འཛུགས་སྐྱོང་དང་ཏང་གི་བྱ་གཞག་གཉིས་ཕན་ཚུན་སྐུལ་འདེད་གཏོང་རེས་བྱས་ནས་མཉམ་དུ་འཕེལ་རྒྱས་འགྲོ་ཐུབ་པ་མངོན་འགྱུར་དངོས་འབྲེལ་ཡོང་བ་བྱེད་དགོས།