མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་
ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་
གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་གྱི་ཉིན་དགུང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཤང་ཀང་དུ་ཕེབས་འབྱོར་ཟིན་ཞིང་། ཟླ་7ཚེས་1ཉིན་འཚོག་རྒྱུའི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་ཤང་ཀང་ལ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད།
           ཉིན་དགུང་གི་ཆུ་ཚོད་12ཡོལ་ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཤང་ཀང་རྒྱལ་སྤྱིའི་གནམ་ཐང་དུ་དལ་བུར་བབས་ཤིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུའི་ནང་ནས་ཕྱིར་དོན་ཏེ་བསུ་བ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གིས་འཚམས་འདྲི་ཞུ་ལུགས་མཚོན་པར་གནང་བ་རེད། ཤང་ཀང་གི་ཉེན་རྟོག་རོལ་ཆ་རུ་ཁག་གིས་སྤྲོ་སེམས་འཁོལ་ལ་དགའ་སྟོན་མཚོན་པའི་དགའ་བསུའི་རོལ་ཆ་དཀྲོལ་བས་གནམ་ཐང་དེ་མུར་འཁྲུག་ཆ་དོད་པོར་གྱུར། གནམ་གྲུའི་སྐས་འཛེགས་འགྲམ་དུ་ཤང་ཀང་གི་ལོ་ཆུང་བྱིས་པ་གཉིས་ཀྱིས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་སོས་པ་ཕུལ་བ་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་དང་ཁོང་གི་སྐུ་ཟླ་ལེའང་ཐང་ཆིང་དབྱི་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཕེབས་བསུར་བཅར་མཁན་རྣམས་ལ་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་རེད། གནམ་ཐང་དུ་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བརྒྱ་གྲངས་ཀྱིས་ལག་ནང་གི་རྒྱལ་དར་དང་། ཁུལ་དར། མེ་ཏོག་བཅས་གཡུག་གཡུག་བྱས་ཏེ་ཞི་ཅིན་ཕིང་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
          ཞི་ཅིན་ཕིང་ད་ཐེངས་ཤང་ཀང་དུ་ཕེབས་པར་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་ཐོབ་པ་དང་། ཀྲུང་ཕྱིའི་གསར་འགོད་པ་160ལྷག་ཙམ་གནམ་ཐང་དུ་ཕེབས་སྒུག་ཞུས་ནས་བསྡད་ཡོད་པ་རེད། ཞི་ཅིན་ཕིང་བཅར་འདྲི་བྱེད་ཁུལ་དུ་ཕེབས་ཏེ་དེ་གར་ཡོད་པའི་གསར་འགོད་པ་ཚོར་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་བརྒྱུད་ཤང་ཀང་གི་རྒྱ་ཆེའི་གྲོང་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་ཀྱང་མཚོན་པར་གནང་བ་རེད། ཁོང་གིས་དུས་ཡུན་ལོ་9སོང་རྗེས་ང་སླར་ཡང་གནས་འདིར་འབྱོར་བར་ཧ་ཅང་དགའ་པོ་བྱུང་། ཤང་ཀང་འཕེལ་རྒྱས་གཏོང་རྒྱུ་དེ་ངས་སྔ་བར་ཕྱི་གསུམ་དུ་སེམས་ཁུར་བྱེད་པའི་བྱ་བ་ཞིག་ཡིན། ཉིན་གཉིས་ཀྱི་རྗེས་ལ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་རྟེན་འབྲེལ་ཉིན་མོ་ཡིན། དེ་རྒྱལ་ཁབ་དང་ཤང་ཀང་གི་ངོས་ནས་བརྗོད་ན་དོན་ཆེན་ཞིག་ཡིན་ལ་བཀྲ་ཤིས་པའི་བྱ་བ་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ད་ཐེངས་ཤང་ཀང་དུ་ཡོང་དོན་གཙོ་བོ་གསུམ་སྟེ། གཅིག་ནི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དེ་ཡིན་ཞིང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་བཙུགས་ནས་ལོ20སོང་ཚུན་གྲུབ་འབྲས་ཆེན་པོ་ཐོབ་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་དང་ཤང་ཀང་གིས་སླར་ཡང་འོད་ཟེར་སྟོང་ལྡན་གྱི་གྲུབ་འབྲས་གཏོད་ཐུབ་པའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་དང་། གཉིས་ནི་རྒྱབ་སྐྱོར་བྱ་ལུགས་མཚོན་པར་བྱ་རྒྱུ་དེ་ཡིན་ཞིང་། ལོ་20ཡི་རིང་ཀྲུང་དབྱང་ནི་ཐོག་མཐའ་བར་གསུམ་དུ་ཤང་ཀང་འཕེལ་རྒྱས་གཏོང་བའི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་ཡིན་པ་དང་། ཀྲུང་དབྱང་གིས་ཤང་ཀང་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ། གསུམ་ནི་འབྱུང་འགྱུར་འཆར་འགོད་བྱ་རྒྱུ་དེ་ཡིན་ཞིང་། ཤང་ཀང་གི་ལས་རིགས་ཁག་དང་མཉམ་དུ་ལོ་20ཡི་རིང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལ་ཕྱིར་དྲན་གྱིས་ཉམས་མྱོང་ཕྱོགས་སྡོམ་དང་འབྱུང་འགྱུར་ལ་ཕྱོགས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་སྒོ་ནས་ཡུན་རིང་བར་དུ་ལག་བསྟར་ཐུབ་རྒྱུ་འགན་ལེན་བྱ་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ལོ་འདི་དག་ནང་གི་ཤང་ཀང་གི་འགྱུར་ལྡོག་གསར་པ་རང་ཉིད་ངོ་མས་མཐོང་ཐུབ་པའི་རེ་བ་ཡོད། ཤང་ཀང་དུ་སྤེལ་རྒྱུའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་ཤང་ཀང་འཛུགས་སྐྲུན་ཡག་པོ་བྱེད་ཐུབ་པ་དང་འཕེལ་རྒྱས་ཡག་པོ་གཏོང་ཐུབ་པའི་ང་ཚོའི་ཆོད་སེམས་བརྟན་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།