མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་《ཤང་ཀང་གོང་མའི་ཕོ་བྲང་གི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གསར་
སྐྲུན་བྱེད་པའི་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་ཤིས་ཅིའུ་རིག་གནས་ཁུལ་དུ་ཕེབས་ནས་《ཤང་ཀང་གོང་མའི་ཕོ་བྲང་གི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གསར་སྐྲུན་བྱེད་པའི་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།
          ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་དང་བསྐོ་གཞག་སྒུག་པའི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེའི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་དོན་སིའི་སི་ཀྲང་དང་ཤིས་ཅིའུ་རིག་གནས་ཁུལ་གྱི་དོ་དམ་ཅུས་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ཀྲང་ཅན་ཙུང་། གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་ཡོན་ཀྲང་ཧྲེན་ཆི་ཞང་བཅས་ཀྱིས་《ཤང་ཀང་གོང་མའི་ཕོ་བྲང་གི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གསར་སྐྲུན་བྱེད་པའི་མཉམ་ལས་གྲོས་མཐུན་》ཐོག་མིང་རྟགས་བཀོད་གནང་བ་རེད།
          ཤིས་ཅིའུ་རིག་གནས་ཁུལ་ནི་ཤང་ཀང་གི་རིག་གནས་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དེའི་ནང་ཤང་ཀང་གོང་མའི་ཕོ་བྲང་གི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་ཟློས་གར་ལྟེ་གནས་སོགས་རིག་གནས་སྒྱུ་རྩལ་བཟོ་སྐྲུན་ཁག་17ཚུད་ཡོད། ཤང་ཀང་གོང་མའི་ཕོ་བྲང་གི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་རྗེས་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་གསོག་ཉར་དངོས་རྫས་འགྲེམས་སྟོན་བྱས་ཏེ་ཤང་ཀང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད། ཤིས་ཅིའུ་རིག་གནས་ཁུལ་དོ་དམ་ཅུས་དང་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིས་རིག་དངོས་འགྲེམས་སྟོན་དང་། མི་སྣ་གསོ་སྦྱོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་ཐད་མཉམ་ལས་བྱ་རྒྱུ་རེད།
          ཞི་ཅིན་ཕིང་གིས་ཤང་ཀང་གི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་མིང་རྟགས་འགོད་པའི་མཛད་སྒོ་མ་འཚོག་གོང་ཤིས་ཅིའུ་རིག་གནས་ཁུལ་འཆར་འགོད་དང་ཤང་ཀང་གོང་མའི་ཕོ་བྲང་གི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་ས་གནས་འདེམས་པ་དང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཁོང་གིས་ཤིས་ཅིའུ་རིག་གནས་ཁུལ་གྱི་རྣམ་གྲངས་ནི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་འགའ་ཤས་ཀྱིས་མུ་མཐུད་སྐུལ་འདེད་བཏང་བའི་གཙོ་གནད་ལས་གྲྭ་ཞིག་ཡིན་ཞིང་། དེ་བསྐྲུན་ཟིན་རྗེས་རྒྱ་ཆེའི་ཤང་ཀང་གི་གྲོང་མིར་སྟབས་བདེ་ལ་སྐྱིད་སྣང་དོད་པའི་རིག་གནས་དང་རོལ་རྩེད་བྱ་ཡུལ་ཞིག་གཏོད་རྒྱུ་ཡིན་ལ། ཤང་ཀང་གི་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་རྒྱུ་མ་ཟད། ད་དུང་ཤང་ཀང་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོའི་རིག་གནས་ཀྱི་སྙིང་དོན་ཡང་ཕུན་སུམ་ཚོགས་སུ་བཏང་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྣམ་པ་ཟུང་དུ་འབྲེལ་བའི་གྲོང་ཁྱེར་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད། ཤང་ཀང་གིས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤེལ་བ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ཀྱི་ལས་སྟེགས་ནུས་པ་འདོན་སྤེལ་བྱས་ནས་ནང་སའི་རིག་གནས་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
          ཞི་ཅིན་ཕིང་གིས་ད་དུང་བྱིས་པ་གཉིས་ཀྱིས་བཏང་བའི་ཀོང་ཏུང་གི་ཁྲང་ཞིའི་དུམ་བུར་གཟིགས་པ་དང་ཁོང་གཉིས་པོས་འཁྲབ་སྟོན་བྱས་པར་དགའ་བསུ་ཞུས་གནང་བ་མ་ཟད། ཁོང་གཉིས་ལོ་ན་ཕྲའང་འཁྲབ་རྩལ་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་ཁྱེད་ཚོས་ཀོང་ཏུང་གི་ཁྲང་ཞི་ལ་དགའ་པོ་དེ་ལྟ་བུ་བྱེད་པ་མཐོང་དུས་ང་ཧ་ཅང་དགའ་པོ་བྱུང་ལ་དེ་ལས་ཤང་ཀང་དུ་ཀོང་ཏུང་ཁྲང་ཞིའི་ཤུལ་འཛིན་མཁན་ཡོད་པ་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་ཆེན་པོ་ལྡན་པ་གསལ་བཤད་ཐུབ། ཤང་ཀང་ཚུར་ལོག་བྱས་པ་ནས་བཟུང་ཤང་ཀང་དུ་ཀོང་ཏུང་གི་ཁྲང་ཞི་སོགས་སྲོལ་རྒྱུན་རིག་གནས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འབད་བརྩོན་ཆེན་པོ་བྱས་ཏེ་ཀོང་ཏུང་གི་ཁྲང་ཞི་འཕེལ་རྒྱས་ཐེབས་རྩ་བཙུགས་པའི་ཁར། ཤིས་ཅིའུ་རིག་གནས་ཁུལ་དུ་ཟློས་གར་ལྟེ་གནས་བསྐྲུན་པ་རེད། རིག་རྩལ་ལས་རིགས་ཀྱི་མི་རབས་རྒན་གྲས་ཚོས་ཀོང་ཏུང་གི་ཁྲང་ཞི་སྲུང་སྐྱོང་དང་རྒྱུན་འཛིན་ལ་སེམས་ཤུགས་ཅི་ཡོད་འདོན་པ་དང་རྗེས་རབས་པ་ཚོར་ཁ་བཤད་མིག་སྟོན་དང་སྣེ་ཁྲིད་ཡར་སྐུལ་བྱེད་ཀྱི་ཡོད། ཚང་མས་གོ་སྐབས་ལ་གཅེས་སྤྲས་དང་དཀའ་སྤྱད་སྙིང་རུས་ཀྱིས་ནང་སའི་ལས་རོགས་གཅིག་པ་དང་སྤེལ་རེས་མང་ཙམ་བྱས་ཏེ་རྒྱ་ཆེའི་ཀོང་ཏུང་གི་ཁྲང་ཞིར་དགའ་པོ་བྱེད་མཁན་ཚོར་ལྟད་མོ་ཆེ་བའི་འཁྲབ་སྟོན་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་རང་ཉིད་ཀྱི་ལེགས་སྐྱེས་གང་ཡོད་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
         དེ་ཉིན་ཕྱི་དྲོ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ལེའང་ཀྲེན་དབྱིང་གི་སྐུ་ཟླ་ལེའང་ཐང་ཆིང་དབྱིའི་ཕེབས་རོགས་འོག་ཡིའུ་དབྱི་ཚུན་སློབ་གྲྭར་གཟིགས་སྐོར་གནང་བ་དང་ཕེང་ལི་ཡོན་གྱིས་ཕྲུ་གུ་ཚོའི་སློབ་ཁང་གི་བྱེད་སྒོར་གཟིགས་པ་དང་ཕྲུ་གུ་ཚོས་བྱང་ཆུབ་པའི་སྒོ་ནས་ལྗིད་ཚད་འདེགས་པ་དང་། གཡོས་སྦྱོར་བྱེད་པ། ལྟོ་ཆས་མངགས་པ་བཅས་བྱེད་པ་གཟིགས་རྗེས་ཁོང་ཚོ་ནི་སྤྱང་གྲུང་ལྡན་པའི་ཕྲུ་གུ་རེད་འདུག་ཅེས་བསྔགས་བརྗོད་གནང་བ་རེད།
          སློབ་གྲྭའི་ཚོགས་ཁང་དུ་ཕྲུ་གུ་ཚོས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད་པ་དང་ཕེང་ལི་ཡོན་གྱིས་བྱིས་གླུ་《ང་ནི་སྤྲོ་སྣང་ལྡན་པའི་ཕྲུ་གུ་ཞིག་ཡིན་》ཞེས་པ་དང་ཞབས་བྲོ་《པད་མའི་མེ་ཏོག་གི་ཞབས་བྲོ་》སོགས་ལེ་ཚན་གཟིགས་རྗེས་ཕྲུ་གུ་ཚོས་འཁྲབ་སྟོན་ཧ་ཅང་ཡག་པོ་བྱས་སོང་ཞེས་བསྔགས་བརྗོད་གནང་བ་དང་ཁོང་གིས་ཕྲུ་གུ་ཚོ་ནི་འབྱུང་འགྱུར་གྱི་ཕུགས་རེ་ཡིན་པས་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།