མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་གྲུབ་འབྲས་འགྲེམས་
སྟོན་ལ་གཟིགས་པ་དང་སྦྲགས་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་གྲུབ་འབྲས་འགྲེམས་
སྟོན་ལ་གཟིགས་པ་དང་སྦྲགས་གསུང་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དབུ་བརྙེས་ནས་ལོ་20འཁོར་བའི་མཚམས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚེས་26ཉིན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་གནང་བ་རེད། ཁོང་གིས། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20སོང་ཚུན། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་སའི་ཤུགས་ཆེའི་རྒྱབ་སྐྱོར་འོག ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བྱ་གཞག་ཁག་ལ་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་སྟེ། འཛམ་གླིང་ཀུན་གྱིས་ཁས་ལེན་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་དེ་ལས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གསོན་ཤུགས་ཆེན་པོ་མངོན་པར་བྱས། ལོ་20ཡི་ལག་ལེན་ལས་ར་སྤྲོད་བྱུང་བར། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལོ་རྒྱུས་ཀྱིས་བཞག་པའི་ཤང་ཀང་གི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་ཡག་ཤོས་ཡིན་པ་མ་ཟད། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡག་ཤོས་ཤིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས། ང་ཚོས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཁེལ་པོ་མུ་མཐུད་བྱས་ཏེ། རྩ་ཁྲིམས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་ལས་དོན་སྒྲུབ་ཐོག ཤང་ཀང་གི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་དེ་བས་ཡག་པ་གཏོང་དགོས་ཞེས་གསུངས་པ་རེད། རྒྱ་ཆེའི་སྤུན་ཟླ་ཤང་ཀང་བ་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་བ་དང་སེམས་པ་གཅིག་མཐུན་ངང་གསར་སྤེལ་གསར་གཏོད་བྱས་ཐོག རྒྱལ་ཁབ་ཀྱི་འཕེལ་རྒྱས་གོ་སྐབས་སྟངས་འཛིན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས། ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་དང་ཤང་ཀང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཕྱིར་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཆེད་དུ་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་པ་རེད།
         ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་དུ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་སོགས་ཀྱི་ཕེབས་རོགས་འོག་འགྲེམས་ཁང་དུ་གཟིགས་སྐོར་ལ་ཕེབས་པ་རེད། འགྲེམས་སྟོན་དེ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། “བློ་སེམས་གཅིག་མཐུན་མདུན་ལམ་གཏོད། གོ་སྐབས་གསར་པར་སྟངས་འཛིན་བྱེད”ཅེས་པས་བརྗོད་དོན་གཙོ་བོ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་གི་ད་ལྟའི་གནས་བབ་ལྟ་བ”“མཉམ་དུ་གོ་སྐབས་དམ་འཛིན་བྱེད” “མཉམ་དུ་ཚོང་དོན་རྒྱ་བསྐྱེད་བཏང” “མཉམ་དུ་རྙིང་འབུད་གསར་འདོན་བྱེད” “མཉམ་དུ་ལག་གདང་སྦྲེལ་ནས་སྐྱིད་སྡུག་མཉམ་མྱོང་བྱེད”“མཉམ་དུ་ཕན་ཚུན་དམ་པོར་སྦྲེལ་བར་བྱེད” “མཉམ་དུ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱེད” “མཉམ་དུ་གསོ་སྐྱོང་རྒྱུན་འཛིན་བྱེད”བཅས་དང་དེ་བཞིན“མཇུག་བསྡུ་བའི་གཏམ”བཅས་བསྡོམས་འགྲེམས་ཁུལ་10རུ་དབྱེ་ཡོད་པ་མ་ཟད། དཔེ་རིས་དང་འདྲ་བཟོ་འབོར་ཆེན་དང་དེ་བཞིན་བརྒྱུད་ལམ་སྣ་མང་སྤེལ་རེས་ཀྱི་ནང་དོན་བརྒྱུད་ཕྱོགས་ཡོངས་ནས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བ་དང་ལྷག་པར་དུ་ཉེ་བའི་ལོ་ལྔའི་ཚུན་དུ་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་མངོན་པར་བྱས་ཡོད་པ་རེད།
         འགྲེམས་ཁང་དུ་སྐྱོད་སྐབས་ཁ་སྤྲོད“སེམས་མཐུན་སྒོར་མོའི”མཉམ་སྒུལ་སྒྲིག་བཀོད་ཡོད་པ་དང་། དེ་ལས་སྤུན་ཟླ་ཤང་ཀང་བ་དང་ནང་སའི་སྤུན་ཟླས་ནུས་སེམས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་སླད་ལེགས་སྐྱེས་འབུལ་བ་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་མདུན་དུ་ཕེབས་ནས་དགྱེས་ཚོར་ཆེན་པོས་རེག་པང་གནོན་སྐབས་དྲག་ཏུ་ལྡིང་བའི་སྙིང་དམར་ཞིག་གློག་རྡུལ་ཡོལ་ཆེན་ངོས་སུ་ཤར།
          ཤང་ཀང་གི་སྲིད་དབང་རྩིས་སྤྲོད་རྩིས་ལེན་མཛད་སྒོའི་ཐོག་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཐོག་ཤང་ཀང་གི་ལུས་རྩལ་པར་ཨང་དང་པོ་ཐོབ་པ། སི་ཁྲོན་ས་ཡོམ་རྗེས་ཀྱི་ཤང་ཀང་གི་རོགས་སྐྲུན་རྣམ་གྲངས་ལས་སྤུན་ཟླའི་བརྩེ་དུང་ཟབ་མོ་མཚོན་པ། སྐྲུན་བཞིན་པའི་ཤང་ཀང་དང་ཀྲུའུ་ཧའེ་ཨའོ་མོན་ཟམ་ཆེན་གྱི་མཚོ་ཁུག་ཁུལ་ཆེ་མོའི་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་མོ། “ཧྲང་ཧའེ་དང་ཤང་ཀང་དབར་གྱི་འཛིན་ལོར་སྦྲེལ་མཐུད”དང“ཧྲེན་ཀྲེན་དང་ཤང་ཀང་དབར་གྱི་འཛིན་ལོར་སྦྲེལ་མཐུད”ལས་ཤང་ཀང་རྒྱལ་སྤྱིའི་དངུལ་རྩ་ལྟེ་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་དུ་འགྱུར་བའི་ཤང་ཀང་གི་མངོན་མེད་ནུས་པ་སྔོག་འདོན་སོགས་མཛེས་སྡུག་རྣམ་པར་བཀྲ་བའི་པར་རིས་རེ་རེ་དང་ཞིབ་ཅིང་ཕྲ་བའི་གྲངས་གཞི་རེ་རེ་དེ་བཞིན་ངོ་མཚར་ཆེ་བའི་འདྲ་དཔེ་ཆུང་ངུ་དང་བརྒྱུད་ལམ་སྣ་མང་སྟོན་པ་ལས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱི་ཐུགས་ཡིད་འཕྲོག་པ་རེད། ཁོང་རྣམ་པས་མཚམས་མཚམས་སུ་གོམ་པ་སྤོ་མཚམས་བཞག་གནང་ནས་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་ལས་དོན་པའི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།