མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡན་ཏུང་གིས་རྒྱལ་ཁབ་བསླབ་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་འཐབ་ཇུས་རང་བཞིན་དང་
རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཏུ་བརྩིས་ནས་དམ་འཛིན་
ཡག་པོ་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་བསླབ་གཞི་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ལིའུ་ཡན་ཏུང་གིས་རྒྱལ་ཁབ་བསླབ་གཞི་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་སློབ་མའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རིག་བཅས་བཞི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་ཚད་ལོན་དང་རྒྱུན་འཛིན་པ་ཡག་པོ་གསོ་སྐྱོང་བྱ་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ལིའུ་ཡན་ཏུང་གིས་བསྟན་དོན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བསླབ་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། ལུས་རྩལ་རིགས་ཀྱི་བསླབ་གཞི་ཁག་རིམ་བཞིན་འཐུས་ཚང་དུ་ཕྱིན་པ་མ་ཟད། སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་སློབ་ཁྲིད་ཆུ་ཚད་མཐོར་གཏོང་དང་། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད། ཁྱབ་ཁོངས་ཁག་གི་སྤུས་ཚད་ལེགས་པའི་ཤེས་ལྡན་པ་གསོ་སྐྱོང་བཅས་བྱ་རྒྱུར་རྨང་གཞིའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཡོད།
          ལིའུ་ཡན་ཏུང་གིས་ནན་བཤད་གནང་དོན། བསླབ་གཞི་འཛུགས་སྐྲུན་ནི་མ་འོངས་པ་དང་འབྲེལ་བའི་འཐབ་ཇུས་འདུ་འགོད་ཅིག་དང་རྨང་གཞིའི་འདུ་འགོད་ཅིག་ཡིན་པས། བསླབ་གཞིའི་ཐོག་ནས་རྒྱལ་ཁབ་ཀྱི་ཕུགས་འདུན་མཚོན་གྱི་ཡོད། ཏང་གི་སློབ་གསོའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཐོག་ཡང་དག་པའི་ཁ་ཕྱོགས་དང་རིན་ཐང་སྟོན་ཕྱོགས་ཁོང་དུ་ཆུད་པར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས། མི་རིགས་ཀྱི་སྙིང་སྟོབས་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མ་ཚོར་མི་ཚེའི་གོམ་པ་དང་པོ་སྤོ་རོགས་བྱེད་དགོས། སློབ་གསོའི་ཆོས་ཉིད་དང་སློབ་མ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཐོག་བསླབ་གཞིའི་བསམ་བློའི་རང་བཞིན་དང་། ཚན་རིག་རང་བཞིན། དུས་རབས་རང་བཞིན་བཅས་ཆེ་རུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་། རྒྱལ་སྤྱིའི་རིག་གཞུང་གི་མདུན་གྲལ་དུ་གཞི་ཚུགས་པ། བསླབ་གཞི་ཁག་ཆ་ཚང་བ། སློབ་མཚམས་སྦྲེལ་མཐུད་ཡག་པོ་བཅས་ཀྱི་བསླབ་གཞིའི་མ་ལག་ཅིག་རིམ་བཞིན་ཆགས་པར་བྱེད་དགོས། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་ཐོག་བསླབ་གཞིའི་ལྷུ་ཚིགས་ཁག་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བསླབ་གཞི་བརྒྱུད་རིམ་ལྡན་པའི་ངང་འཛུགས་སྐྲུན་ཚད་ལྡན་བྱེད་དགོས།
          ལིའུ་ཡན་ཏུང་གིས། རྒྱལ་ཁབ་བསླབ་གཞི་ཨུ་ལྷན་གྱིས་སྤྱི་ཡོངས་དོ་དམ་དང་། འགག་སྒོ་ནན་སྲུང་། མཐུན་སྦྱོར་བཅས་ཀྱི་འགན་ནུས་ལག་བསྟར་ཡག་པོ་བྱས་ནས་བསླབ་གཞི་འཛུགས་སྐྲུན་ལ་སྤྱི་འདོམས་མཛུབ་ཁྲིད་བྱེད་དགོས་པ་དང་། ཨུ་ཡོན་རྣམ་པས་ཀུན་སྤྱོད་ལེགས་པའི་སློབ་མ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་གཟབ་ནན་བདེན་འཚོལ་དང་ལེགས་སྒྲིག་ཧྲག་འདེམས་བྱས་ནས་བསླབ་གཞིར་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐུབ་པར་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།