མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུའི་སྲོལ་རྒྱུན་མཛའ་གྲོགས་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། མཉམ་དུ་འབད་བརྩོན་བྱས་ཏེ་འདྲ་མཉམ་ཡིད་རྟོན་དང་། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་དར་རྒྱས། མི་རབས་ནས་མི་རབས་བར་མཛའ་གྲོགས་བཅས་ཀྱི་ཀྲུང་ཨུའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་རྒྱུའི་ཐག་གཅོད་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡག་པོ་ཞིག་དང་། སོ་སྲུང་རོགས་རེས་བྱེད་མཁན་གྱི་གྲོགས་པོ་ཡག་པོ་ཞིག ལྷག་བསམ་རྣམ་དག་ངང་མཉམ་ལས་བྱེད་མཁན་གྱི་རོགས་ཟླ་ཡག་པོ་ཞིག་བཅས་རེད། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་པ་དང་དེར་གསོན་ཤུགས་ཆེན་པོ་ལྡན་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་པས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་ཚོད་བགམ་ཐེག་ཐུབ་ཀྱི་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དེ་ནི་རྒྱལ་ཁབ་གཉིས་པོའི་བདེ་འཇགས་བརྟན་ལྷིང་ལ་ཕན་པ་ཡོད་པ་དང་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ལ། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་རྒྱུར་ཡང་ཕན་པ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་ང་དང་ཙུང་ཐུང་ཕུའུ་ཅིང་དབར་སྤེལ་རེས་ཟབ་མོ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་མ་ཟད་མུ་མཐུད་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྒུལ་ཤུགས་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། རྒྱལ་ཁབ་གཉིས་པོས་རང་སོ་སོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་བདེ་བླག་ངང་ཐུབ་རྒྱུར་སྐུལ་འདེད་གཏོང་བ། མ་འཇོག་དང་། ནུས་རྒྱུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་སྤེལ་བ་བཅས་ཀྱི་ཐོག་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཟབ་ལ་ནུས་ལྡན་གྱི་མཐུན་སྦྱོར་གཞོགས་འདེགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
           ཕུའུ་ཅིང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཧ་ཅང་ཡག་པོ་ཕྱིན་ཡོད། ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་དང་འཐུས་སྒོ་ཚང་བའི་མཉམ་ལས་ལམ་སྲོལ་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེགས་ཆ་ཆེ་ཤོས་དེ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་ཨུ་རུ་སུར་འཚམས་འདྲིར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་ཀའི་འབྲེལ་བ་ཡག་པོ་དང་མཛའ་གྲོགས་ཟབ་མོ་བཙུགས་ཡོད་ཅེས་གསུངས་པ་རེད།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་ཆུ་ཚད་མཐོ་པོ་དང་ནུས་པ་ཤུགས་ཆེན་ལྡན་པའི་ཀྲུང་ཨུའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་འདེད་རོགས་འཕྲུལ་ཆས་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བ་བྱེད་པའི་གྲུ་ནང་གནོན་རྡོ་ལྟ་བུ་ཞིག་ཏུ་གཏོད་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
           རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་ནའང་ཕྱོགས་གཉིས་པོས་《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག་》ལ་སྲུང་བརྩི་ཞུ་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་ལ་བརྩི་སྲུང་ཞུས་ནས། ཕར་ཕྱོགས་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་སྲོག་ཤིང་གི་ཁེ་ཕན་ལ་སྲུང་སྐྱོང་ཧུར་ཐག་བྱ་རྒྱུར་ཕན་ཚུན་རྒྱབ་སྐྱོར་དང་། ཕར་ཕྱོགས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར། ཕར་ཕྱོགས་ཀྱིས་འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བཅས་བྱེད་རྒྱུའི་མོས་མཐུན་གནང་བ་རེད།
           ཕྱོགས་གཉིས་པོའི་འབྲེལ་བའི་འཐབ་ཇུས་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། མཐོ་རིམ་གྱི་འགྲོ་འོང་མུ་མཐུད་ཟབ་ཏུ་གཏོང་བ། ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་ཡག་པོ་སྤྱོད་པ་བཅས་ཀྱི་ཐོག་ནས། ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་ཁག་དང་། ས་གནས། དམངས་ཁྲོད་ཚོགས་པ་བཅས་ཀྱི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཕྱོགས་གཉིས་པོས་མོས་མཐུན་གནང་བ་རེད།
           ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་། སློབ་གསོ་དང་། རིག་གནས། ལུས་རྩལ། ཡུལ་སྐོར། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གཞོན་ནུའི་དབར་མཛའ་གྲོགས་སྤེལ་རེས་བྱ་རྒྱུར་ཡར་སྐུལ་བྱེད་པ། ས་གནས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཨུའི་སྨྱན་སྦྱོར་སྤེལ་རེས་ལོ་ཡག་པོ་གཉེར་རྒྱུ་དང་། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱེད་པའི་གོ་སྐབས་ལ་བརྟེན་ནས་དགུན་དུས་ལུས་རྩལ་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།