མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་
གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་
གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གནས་ཡུལ་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཕན་ཚུན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་ཀྲུང་ཝེའི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་བཅས་ཡག་པོ་བྱེད་པ་དང་། ཕན་ཚུན་མཛའ་གྲོགས་ཀྱི་སྲིད་ཇུས་ལག་ལེན་བརྟན་པོ་བསྟར་བ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་དངོས་དེ་བས་མང་བ་བསྐྲུན་རྒྱུའི་ཐད་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་ཝེ་ཐེ་ནམ་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འབྲེལ་ཡོད་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཝེ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡག་པོ་དང་། གཟི་ཁྲེལ་མཉམ་མྱོང་གི་གྲོགས་པོ་ཡག་པོ། བློ་སེམས་གཅིག་མཐུན་གྱི་བློ་མཐུན་ཡག་པོ། མཉམ་ལས་གཉིས་ཁེའི་རོགས་ཟླ་ཡག་པོ་བཅས་ཡིན། ཀྲུང་ཝེ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་67སོང་ཚུན། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུའུ་ཞི་ཧུའུ་ཀྲི་མིང་སོགས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་ཚོས་གསར་འཛུགས་དང་སྐྱེད་སྲིང་ཞིབ་ཚགས་གནང་བའི་ཀྲུང་ཝེའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཟམ་མི་ཆད་པར་བརྟན་དུ་དང་དར་སྤེལ་ཐུབ་ཡོད། འདི་ལོ་ཚུན་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འབྲེལ་གཏུག་དམ་ཟབ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་བས་ཀྲུང་ཝེའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རིམ་ཐོབ་ཡོད། མིག་སྔར་ཀྲུང་ཝེ་རྒྱལ་ཁབ་གཉིས་པོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་པས་རྒྱལ་ཁབ་གཉིས་པོར་རང་ཉིད་ཀྱི་འཛུགས་སྐྲུན་བྱ་གཞག་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཐད་འཕྲད་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཐོབ་ཡོད། ཕྱོགས་གཉིས་པོས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་ལ་གཙིགས་ཆེན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ནས་འགོ་འཛུགས་པ་དང་། སྐྱིད་སྡུག་མཉམ་མྱོང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཀྲུང་ཝེའི་འབྲེལ་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཕྱར་བ་གྲུ་འདེགས་དང་ཐུན་མོང་ཐོག་འཕེལ་རྒྱས་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཝེ་ཐེ་ནམ་གྱིས་གསར་བཅོས་སྒོ་དབྱེ་ལོ་30ལྷག་ཙམ་བྱས་ནས་འཛུགས་སྐྲུན་ཁག་ལ་གྲུབ་འབྲས་རླབས་ཆེན་ཐོབ་པར་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་གཙོ་འཛིན་གནང་བའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་སྤུན་ཟླ་ཝེ་ཐེ་ནམ་གྱི་མི་དམངས་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
        རོན་ཧྥུའུ་ཀྲུང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་ལེགས་སྒྲིག་བྱུང་བར་སྙིང་དབུས་ནས་རྟེན་འབྲེལ་ཞུས་པ་དང་འབྲེལ། བློ་མཐུན་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲོག་ཤིང་ལ་གཏན་འཁེལ་གནང་བར་རྟེན་འབྲེལ་ཡང་ཞུས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་གནང་བར་ཝེ་ཐེ་ནམ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་རོན་ཧྥུའུ་ཀྲུང་གིས་གསུངས་པ་རེད།
         ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་གཉིས་དབར་དུས་བབ་གསར་པའི་འོག་ཀྲུང་ཝེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐད་ངོས་འཛིན་གལ་ཆེན་གཅིག་མཐུན་བྱུང་ཞིང་། ཕྱོགས་གཉིས་པོས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོ་ནི་མཛའ་གྲོགས་ཀྱི་སྲོལ་རྒྱུན་ཡུན་རིང་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་ཀ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་ཆབ་སྲིད་ལམ་ལུགས་གཅིག་མཚུངས་དང་། འཕེལ་རྒྱས་འགྲོ་ལམ་འདྲ་མཚུངས། མདུན་ལམ་དང་ལས་དབང་འབྲེལ་ཡོད་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།
         ཕྱོགས་གཉིས་པོས་མཐོ་རིམ་དབར་སྤེལ་རེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་དབར་མཛའ་གྲོགས་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བ། འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། མི་མཐུན་པའི་ཆ་ཐག་གཅོད་ཡག་པོ་བཅས་བྱས་ནས་ཀྲུང་ཝེའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་སྣེ་ཁྲིད་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”དང“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”མཉམ་དུ་བསྐྲུན་པའི་མཉམ་ལས་ཡིག་ཆ་དོན་འཁྱོལ་ཡག་པོ་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་འབྲེལ་བ་དང་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། སྨྱན་སྦྱོར། འཕྲོད་བསྟེན། གཞོན་ནུ། ས་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཐད་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་ཧ་ནོ་དབྱི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཝེ་ཀྲུང་མཛའ་མཐུན་ཕོ་བྲང་གང་མགྱོགས་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་དམངས་ཁྲོད་སྤེལ་རེས་བྱེད་སྒོ་ཡག་པོ་སྤེལ་ནས་ཀྲུང་ཝེའི་མཛའ་གྲོགས་ཀྱི་དམངས་སེམས་རྨང་གཞི་བརྟན་དུ་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ལ་གཞིགས་ཏེ་མཚོ་ཐོག་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་ཐུན་མོང་གསར་སྤེལ་ཚུད་པའི་རྣམ་པ་སྣ་ཚོགས་ཀྱི་མཚོ་ཐོག་མཉམ་ལས་བྱ་རྒྱུར་སྐུལ་འདེད་བརྟན་པོ་བཏང་ནས་ཐུན་མོང་ཐོག་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ལ་གཞོལ་རྒྱུའི་མོས་མཐུན་གནང་བ་རེད།
     ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་རྩ་འཛུགས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་ཚོགས་འདུ། ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ། རྫ་ཆུ—མེ་ཀུང་གཙང་པོ་མཉམ་ལས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད།