མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་
ཚོགས་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་
ཚོགས་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
          (2017ལོའི་ཟླ་10ཚེས་14ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བ)
          ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2017ལོའི་ཟླ་10ཚེས་11ནས་ཚེས་14ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
         ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་ཨུ་ཡོན་191དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་141ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་2017ལོའི་ཟླ་10ཚེས་18ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གནང་རྒྱུའི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གནང་རྒྱུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་〈བཟོ་བཅོས་འཆར་ཟིན་〉》ལ་གྲོས་བསྡུར་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། ཡིག་ཆ་གསུམ་པོ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞིབ་དཔྱད་དང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་ཡོད། ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གནང་རྒྱུའི་སྙན་སྒྲོན་གྱི་གྲོས་བསྡུར་མ་ཟིན་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་དང་ལིའུ་ཡུན་ཧྲན་གྱིས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་〈བཟོ་བཅོས་འཆར་ཟིན་〉》གྱི་གྲོས་བསྡུར་མ་ཟིན་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ལོ་གཅིག་གི་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གནང་བ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གནང་བ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་མཐའ་འཁྱོངས་གནང་བ། རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་ཇུས་ལ་མཐུན་སྦྱོར་ཐོག་སྐུལ་འདེད་བཏང་བ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གནང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་བཏང་བ། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་བཏང་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་སྟངས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་བ། འཕར་ཚུལ་བརྟན་གཏོང་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་བསྒྲུབས་པ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། དམག་དཔུང་སྒྱུར་བཅོས་དང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བ། ཤང་ཀང་དང་ཨའོ་མོན་གྱི་ལས་དོན་དང་ཐའེ་དབན་གྱི་ལས་དོན་ཧུར་ཐག་བསྒྲུབས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ཏན་ཏིག་བསྒྲུབས་པ་བཅས་ལས་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་ཐུབ་པ་བྱུང་བ་བཅས་ཀྱི་ངོས་འཛིན་གཅིག་མཐུན་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་དེའི་ནང་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཀའ་ངལ་སྔོན་བསུས་དང་། གསར་འབྱེད་ཡར་བརྩོན། རྙིང་དོར་གསར་འཛུགས། ཧུར་བརྩོན་རྒྱལ་སྐྱོང་བཅས་བྱས་ཏེ་ཧ་ཅང་ཆེ་བའི་ཆབ་སྲིད་ཀྱི་བློ་གཤོག་དང་ཤུགས་ཆེའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་འདོན་པ། མཛད་ཕྱོགས་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་འདོན་པ། བྱ་ཐབས་གལ་ཆེན་རབ་དང་རིམ་པ་འདོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་གཏོང་བ། དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་བྱུང་བའི་དཀའ་གནད་ཐག་གཅོད་བྱེད་པ། དེ་སྔ་སྒྲུབ་དགོས་བསམས་ཀྱང་མ་གྲུབ་པའི་དོན་ཆེན་མང་པོ་སྒྲུབ་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་ཚད་བརྒལ་གལ་ཆེན་བྱུང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་གོམ་སྟབས་གལ་ཆེན་སྤོས་པ། བསམ་བློ་རིག་གནས་འཛུགས་སྐྱོང་ལ་འཕེལ་རྒྱས་གལ་ཆེན་བྱུང་བ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། དམག་དཔུང་སྟོབས་ཆེ་དང་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ། ཤང་ཀང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ། ཕྱོགས་མང་བའི་ཕྱི་འབྲེལ་བཀོད་ཇུས་གཏིང་ཟབ་སྤེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་རེད། ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུ་འགྲིལ་ནུས། དམག་འཐབ་བྱེད་ནུས། འགོ་ཁྲིད་བྱེད་ནུས། འབོད་སྐུལ་བྱེད་ནུས་བཅས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་དང་དེ་བཞིན་མི་དམངས་ཀྱི་ཐོབ་ཚོར་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་མང་ལ་གསར་གཏོད་རང་བཞིན་ལྡན་པ་ཞིག་དང་ལོ་ལྔའི་རིང་གི་འཕོ་འགྱུར་ནི་གཏིང་ཟབ་ལ་རྩ་བའི་རང་བཞིན་ལྡན་པ་ཞིག་རེད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དེ་ཐོག་ནས་རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་པ་མཚོན་ཡོད། དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་པ་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ། སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱེད་པ། སྒྲིག་ཁྲིམས་སྔོན་ལ་ཡག་པོ་སྲུང་བ། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ཐད“རྣམ་པ་རིགས་བཞི”སྤྱོད་པ། སྒྲིག་ཁྲིམས་ཞིབ་བཤེར་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཏང་ཐུགས་བློ་བདེ་བ་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་སྒྲིག་བཤེར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རུལ་སུངས་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གྱིས་གནོན་པའི་རྣམ་པ་ཆགས་པ་དང་འབྲེལ་སྲ་བརྟན་དང་གོང་འཕེལ་བྱུང་བའི་ངོས་འཛིན་གཅིག་མཐུན་གནང་བ་རེད། 
          ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཚུའེ་པོ་དང་། ཧྲུའུ་ཞའོ་ཆིན། མ་ཧྲུན་ཆིང་། ཝང་ཅན་ཅུན། ལི་ཆང་། ཁྲེན་ཝུའུ། ཁྲེན་མིང་མིང་། ཀྲའོ་ལི་ཞུང། ཀྲའོ་ཧྲུའུ་ཚུང་། ཏོན་ཁྲུན་ཧྭ། བློ་བཟང་རྒྱལ་མཚན་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཚབ་སྣོན་བྱ་རྒྱུའི་གཏན་འབེབས་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་སུན་ཀྲེང་ཚའེ་དང་། ཧོང་ཤིང་གོ ལི་ལི་གོ སུན་ཧོའེ་ཧྲན། ཝུའུ་ཨའེ་དབྱིང་། སུའུ་ཧྲུའུ་ལིན། དབྱང་ཧོན་ཉིང་། ཝང་སན་ཡུན། ཤང་ཅུན་པོ། ལི་ཡུན་ཕུང་། དབྱང་ཁྲུང་ཡུང་། ཀྲང་ཞི་ཝུའུ། མོང་ཅན་ཁྲེང་བཅས་ཀྱི་སྒྲིག་འགལ་གནད་དོན་ཚབས་ཆེན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་། ཝང་ཅན་ཕིང་དང་ཐན་ཤིའུ་སིའི་སྒྲིག་འགལ་གནད་དོན་ཚབས་ཆེན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་གོང་གནང་བའི་སུན་ཀྲེང་ཚའེ་དང་། ཧོང་ཤིང་གོ སུན་ཧོའེ་ཧྲན། ཝུའུ་ཨའེ་དབྱིང་། སུའུ་ཧྲུའུ་ལིན། ཝང་སན་ཡུན། ཤང་ཅུན་པོ། ཝང་ཅན་ཕིང་། ཐན་ཤིའུ་སི། ལི་ཡུན་ཕུང་། དབྱང་ཁྲུང་ཡུང་། མོང་ཅན་ཁྲེང་བཅས་ཏང་གི་སྐྱིད་སྡུག་ལས་འབུད་རྒྱུའི་ཐག་བཅད་པ་དང་། ལི་ལི་གོ་དང་དབྱང་ཧོན་ཉིང་གཉིས་ཏང་ནང་བཞག་ནས་ལོ་གཉིས་ལྟ་ཞིབ་བྱ་རྒྱུའི་ཆད་པ་བཅད་པ། ཀྲང་ཞི་ཝུའུ་ལ་ཏང་ནང་ཁུལ་གྱི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་ཆད་པ་བཅད་པ་བཅས་ཁས་ལེན་གནང་བ་རེད། 
         ཚང་འཛོམས་གྲོས་ཚོགས་ཐོག་རང་རེའི་ཏང་ནི་ཏང་ཡོན་ཁྲི་8900ལྷག་ཙམ་ཡོད་པའི་ཏང་ཆེན་པོ་ཞིག་དང་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་འགོ་ཁྲིད་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་གྱི་སྲིད་ཏང་ཞིག་ཡིན། གལ་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་མེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་མེད་ཚེ་གསར་གཏོད་བྱེད་ནུས་དང་། གོང་བུ་འགྲིལ་ནུས། དམག་འཐབ་བྱེད་ནུས་བཅས་ཤོར་རྒྱུ་དང་། སྲིད་འཛིན་རྨང་གཞི་དང་སྲིད་འཛིན་བྱེད་ནུས་ཤོར་རྒྱུ། མི་དམངས་དང་བྲལ་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པས་མི་དམངས་ཀྱི་འགོ་ཁྲིད་དེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་འཁུར་མི་ཐུབ། དེས་ན་ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་མཐའ་འཁྱོངས་བཅས་བྱས་ཏེ་ཏང་གིས་ལས་དོན་ཐམས་ཅད་ལ་འགོ་ཁྲིད་བྱ་རྒྱུ་འགན་ལེན་དང་། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོ་དང་མཐུན་སྦྱོར་ཐུབ་པའི་འགན་ལེན་བྱེད་དགོས། ངེས་པར་དུ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་བྱས་ཏེ་ས་གནས་དང་སྡེ་ཚན་གྱི་ལས་དོན་གང་ཞིག་ཡིན་རུང་ཚང་མར་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས། ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་བྱས་ནས་སེམས་ནང་ཏང་ཡོད་པ་དང་། སེམས་ནང་མི་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྒྲིག་ཁྲིམས་ཡོད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་རང་རྟོགས་ངང་སྲུང་སྐྱོང་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་སྟོན་དགོས་པའི་ནན་བཤད་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔའི་དུས་བབ་དང་ལས་འགན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་དུས་བབ་གསར་པའི་འོག་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱ་རྒྱུ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པ་ལག་ལེན་བསྟར་རྒྱུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ། མི་རིགས་བསྐྱར་དར་གྱི་རླབས་ཆེའི་ཕུགས་འདུན་འགྲུབ་རྒྱུ་བཅས་སྐོར་གྱི་གནད་དོན་གལ་ཆེན་འགའ་ཞིག་ལ་གྲོས་བསྡུར་གཏིང་ཟབ་གནང་ནས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་ཆེད་གྲ་སྒྲིག་གང་ལེགས་གནང་བ་རེད།

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་
ཚོགས་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ།