མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པས་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་
དང་པོ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པས་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་
དང་པོ་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་གྱི་ཕྱི་དྲོ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་མི་དམངས་ཚོགས་ཁང་ཆེ་མོར་གྲ་སྒྲིག་ཚོགས་འདུ་འཚོགས་པ་རེད།
       བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
       ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་2354ཡོད་པ་དང་། གྲ་སྒྲིག་ཚོགས་འདུའི་ནང་ཞུགས་མཁན་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་2307ཡོད་པ་རེད།
      ཚོགས་འདུའི་ཐོག་ཕྱག་བརྐྱངས་ཏེ་བརྡས་ཐག་བཅད་པ་བརྒྱུད། མི་22ལས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚན་ཐོར་གྲོས་འཆམ་བྱུང་བ་དང་། མི་243ལས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མཚན་ཐོར་གྲོས་འཆམ་བྱུང་བ། ལིའུ་ཡུན་ཧྲན་ཚོགས་ཆེན་གྱི་དྲུང་ཆེར་གྲོས་འཆམ་བྱུང་ཡོད། ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་སྒྲིག་གཞི་བཀོད་སྒྲིག་དང་ལས་ཀའི་ལས་འགན་གྲོས་འཆམ་བྱུང་བ་རེད།
      ཚོགས་འདུའི་ཐོག་ད་དུང་ཚོགས་ཆེན་བཅུ་དགུ་པའི་གྲོས་རིམ་ལ་གྲོས་འཆམ་གནང་ཞིང་། ཚོགས་ཆེན་གྱི་གྲོས་རིམ་ནི། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་ཞིབ་བཤེར་གནང་རྒྱུ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་བྱ་རྒྱུ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་རྒྱུ་བཅས་རེད།
        ཟླ་10ཚེས་17ཉིན་གྱི་ཕྱི་དྲོ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།
       བློ་མཐུན་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
       ཚོགས་འདུའི་ཐོག་དང་ཐོག་ཚོགས་ཆེན་གྱི་དྲུང་ཆེ་ལིའུ་ཡུན་ཧྲན་གྱི་གཙོ་སྐྱོང་འོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད་བློ་མཐུན་ཞི་ཅིན་ཕིང་སོགས་མི་42ལས་གྲུབ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།
       དེ་རྗེས་ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གི་གཙོ་སྐྱོང་འོག་གྲོས་རིམ་ཁག་འགོ་ཚུགས་ཤིང་། ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད་ལིའུ་ཆི་པའོ་དང་། མོང་ཅན་ཀྲུའུ། ཀྲའོ་ལེ་ཅི། ལི་ཀྲན་ཧྲུའུ་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གྲོས་འཆམ་བྱུང་བ་རེད།
       ཚོགས་འདུའི་ཐོག་འཐུས་མིའི་ཐོབ་ཐང་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་འཆམ་གནང་བ་རེད།
      སྙན་ཞུའི་ནང་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཚན་པ་ཁག་གིས་འདེམས་བསྐོ་བྱས་ནས་ཐོན་པ་དང་འབྲེལ་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁྱབ་བསྒྲགས་བྱས་པའི་འཐུས་མི་2287ཡོད། ཞིབ་བཤེར་བྱས་པ་བརྒྱུད་འཐུས་མི་2280ཡི་ཐོབ་ཐང་གོ་ཆོད་པའི་ཁས་ལེན་བྱས་པ་དང་། ཚོགས་ཆེན་དུ་འཐུས་མི་2280ཕེབས་དགོས་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
      སྙན་ཞུའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ན་ནིང་གི་ཟླ་བ་བཅུ་གཅིག་པ་ནས་བཟུང་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་འདེམས་བསྐོ་ཚན་པ་ཁག་གིས་ཏང་གི་སྒྲིག་ཡིག་གཞིར་བཟུང་ཏང་གི་ངོ་བོ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཚད་གཞི་དང་སྔོན་ཐོན་རང་བཞིན་འབུར་དུ་ཐོན་པར་བྱེད་པ། འཐུས་མིའི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་སྣང་ཆེན་བྱེད་པ། འཐུས་མི་འདེམས་ཐོན་བྱ་རིམ་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཞིབ་དཔྱད་འགག་སྒོ་ནན་གྱིས་སྲུང་བ། འདེམས་བསྐོའི་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ནས་འཐུས་མི་འདེམས་བསྐོའི་ལས་དོན་ཁག་ལེགས་པར་བསྒྲུབས་ཡོད་ཅེས་འཁོད་ཡོད་པ་རེད།
       སྙན་ཞུའི་ནང་འཐུས་མི་བདམས་ཐོན་བྱུང་རིང་། རྒྱལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཞུགས་རྒྱུ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་པ་དང་ཏང་ཡོན་ཞུགས་ཚད་99.2%ཟིན་ཡོད། འདེམས་བསྐོ་ཚན་པ་ཁག་གིས་འོག་མ་ནས་གོང་མ་དང་། གོང་འོག་ཟུང་འབྲེལ། ནང་མོལ་ཡང་ཡང་། རིམ་བཞིན་འདེམས་སྒྲུག་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་། ཏང་གི་འཐུས་མི། རྒྱ་ཆེའི་ཏང་ཡོན་བཅས་ཀྱི་བསམ་འཆར་གང་ལེགས་གསན་པ་དང་། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འཐུས་མིའི་ཆབ་སྲིད་ཀྱི་འགག་སྒོ་ནན་གྱིས་བསྲུངས་པ། “ངེས་པར་དུ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་ཏན་གནང་སྟེ་རྟོག་ཞིབ་བྱ་ཡུལ་གྱི་ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས་ཚང་མར་ཞིབ་དཔྱད་ནན་པོ་གནང་བ་དང་། ཏང་སྲོལ་སྲིད་གཙང་གི་གནས་ཚུལ་ཐད་སྒྲིག་བཤེར་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་གནང་བ། ཡིག་བསྐུར་ངོ་བཅར་བརྒྱུད་བྱུང་བའི་ཁུངས་སྣེ་ཞིབ་ཕྲ་ཚང་མར་བརྟག་དཔྱད་དང་དཔྱད་བསྡུར་ནན་ཏན་གནང་བ། འོས་མིའི་ཁྲོད་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་དོན་གནད་ལ་ཞིབ་དཔྱད་གནང་ཡོད། བསྡུ་ལེན་བྱས་པའི་བསམ་འཆར་དང་ཞིབ་དཔྱད་བྱས་ཚུལ་གཞིར་བཟུང་འཐུས་མིའི་འོས་མི་བྱེད་མི་འོས་པའི་རིགས་ལེགས་སྒྲིག་གནང་བ་དང་འོས་མིའི་ཐོབ་ཐང་གཏན་འཁེལ་ཡང་དག་བྱས་ཏེ“ཚབ་བྱེད”བཀག་འགོག་མཐའ་གཅིག་ཏུ་གནང་ཡོད། འདེམས་བསྐོ་ཚན་པ་ཁག་གིས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་སམ་ཡང་ན་ཏང་ཨུད་(ཏང་ཙུའུ)ཡི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་འདེམས་ཤོག་འཕེན་པའི་བྱེད་ཐབས་ཐོག་ནས་འཐུས་མིའི་འོས་མི་དང་གྲ་སྒྲིག་འོས་མི་གཏན་འཁེལ་གནང་ཡོད། ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་ལྗོངས་དང་ཤིན་ཅང་གིས་འཁྲོལ་མེད་འདེམས་བསྐོ་བྱས་པ་ཕུད། འདེམས་བསྐོ་ཚན་པ་ཁག་གིས་ཏང་གི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་འཚོགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འཁྲོལ་ཡོད་ཐོག་ནས་བདམས་ཤིང་། འཁྲོལ་ཡོད་ཀྱི་བསྡུར་ཚད་ཚང་མ་15%ལས་མང་བ་དེ་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད། འཐུས་མི་བདམས་ཐོན་བྱུང་རྗེས་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོས་རྣམ་པ་སྣ་ཚོགས་སྤྱད་དེ་འཐུས་མི་འདེམས་བསྐོ་ལས་དོན་གྱི་གནས་ཚུལ་གཏོང་སྤེལ་བྱས་ཡོད་ཅེས་འཁོད་ཡོད།
       སྙན་ཞུའི་ནང་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་སྤྱིར་ན་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ཆ་རྐྱེན་དང་མཐུན་པ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོ་བ་དང་། སྤྱོད་ཚུལ་བཟང་བ། གྲོས་ཞིབ་ཀྱི་འཇོན་ཐང་ཆེ་བ་བཅས་ལྡན་པ་དང་འབྲེལ་རང་འཁྲིའི་ལས་གནས་ཐོག་གྲུབ་འབྲས་མངོན་གསལ་དོད་པོ་བཏོད་ཡོད། དེ་དག་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་དུ་བྱུང་བ་ཤ་སྟག་རེད། འཐུས་མིའི་གྲུབ་ཆ་དང་ཁྱབ་ཚུལ་ལུགས་དང་མཐུན་ཞིང་། ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོའི་ཏང་ཡོན་འཐུས་མིའི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་བ་དང་། བུད་མེད་ཏང་ཡོན་འཐུས་མི་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཐུས་མིའི་གྲངས་ཚད་མང་དུ་སོང་བ། འཐུས་མིའི་སློབ་རྒྱུས་རིམ་པ་ཅུང་མཐོ་བ། ལོ་ནའི་གྲུབ་ཆ་ལུགས་དང་མཐུན་པ། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ཏང་ནང་ཞུགས་པའི་ཏང་ཡོན་ཡོད། ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་གྲུབ་ཆའི་བསྡུར་ཚད་ཁག་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད་པས་རྒྱ་ཁྱབ་ཀྱི་འཐུས་མིའི་རང་བཞིན་ལྡན་ཡོད།
       སྙན་ཞུའི་ནང་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་ཀྱི་བྱེད་སྟངས་གཞིར་བཟུང་ཀྲུང་དབྱང་གིས་དམིགས་བསལ་གདན་ཞུས་འཐུས་མི་78ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་རྒྱུའི་གཏན་འཁེལ་གནང་བ་དང་དམིགས་བསལ་གདན་ཞུས་འཐུས་མིར་འཐུས་མི་དང་གཅིག་མཚུངས་ཀྱི་དབང་ཆ་ཡོད་ཅེས་འཁོད་ཡོད།
       ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འདེམས་བསྐོ་བྱ་ཐབས་(འཆར་ཟིན)ལ་གྲོས་འཆམ་གནང་བ་དང་འཐུས་མི་ཚོགས་པ་ཁག་ལ་ནང་མོལ་བྱ་རྒྱུར་ཕུལ་ཡོད།
       ཚོགས་འདུའི་ཐོག་ད་དུང་ཟུར་ཞུགས་དང་སྐུ་མགྲོན་གྱི་དོན་གནད་ལ་གྲོས་འཆམ་གནང་བ་དང་ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣ་ཁག་གཅིག་ཚོགས་འདུར་ཟུར་ཞུགས་གནང་བར་གདན་ཞུ་བྱ་རྒྱུའི་གཏན་འབེབས་གནང་ཡོད། ཚོགས་འདུར་ཟུར་ཞུགས་གནང་མཁན་གྱི་གྲས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མིན་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མིན་པ་དང་དམིགས་བསལ་གདན་ཞུས་འཐུས་མི་མིན་པའི་དེ་སྔའི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་བློ་མཐུན་གཞན་དག་བཅས་ཁྱོན་མི་405ཡོད། ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་མཁན་སྐུ་མགྲོན་གྲས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གནང་བཞིན་པ་དང་གནང་མྱོང་བའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མིའི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོ་ཏང་ཤོག་དང་། ཏང་ཤོག་གང་ལའང་མ་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་བཅས་ཀྱི་མི་སྣ་ཁྱོན་མི་149ཡོད།
       ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་ད་དུང་ཚོགས་ཆེན་བཅུ་དགུ་པའི་ཉིན་རེའི་གྲོས་རིམ་ལ་གྲོས་འཆམ་གནང་ཞིང་། ཉིན་རེའི་གྲོས་རིམ་ལ་གཞིགས་ན་ཚོགས་ཆེན་བཅུ་དགུ་པ་ཟླ་10ཚེས་18ཉིན་གྱི་སྔ་དྲོ་འགོ་ཚུགས་རྒྱུ་དང་ཟླ་10ཚེས་24ཉིན་གྱི་སྔ་དྲོ་གྲོལ་རྒྱུ་རེད།