མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དམག་གྲབས་གཡུལ་འགྱེད་ཀྱི་སྟོན་ཕྱོགས་གསལ་པོར་ཤུགས་སྣོན་བརྒྱབ་ནས་
དུས་རབས་གསར་པར་རྒྱལ་ཁ་ལེན་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་
གཏོང་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དམག་གྲབས་གཡུལ་འགྱེད་ཀྱི་སྟོན་ཕྱོགས་གསལ་པོར་ཤུགས་སྣོན་བརྒྱབ་ནས་
དུས་རབས་གསར་པར་རྒྱལ་ཁ་ལེན་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་
གཏོང་དགོས་ཞེས་ནན་བཤད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་སྟེ་སྐབས་གསར་པའི་དམག་ཨུད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དམག་ཡོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དེ་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་རྒྱུར་དམིགས་དགོས་པའི་རྣམ་འགྱུར་གསལ་པོ་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེར་སོན་ཞིག་ཏུ་ཕྱོགས་ཡོངས་ནས་བསྐྲུན་པར་ངེས་པར་དུ་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པའི་འགག་རྩ་དེར་དམ་འཛིན་བྱས་ནས་དམག་གྲབས་གཡུལ་འགྱེད་ཐད་ཤུགས་སྣོན་ཆེན་པོ་རྒྱག་དགོས། དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་འོག་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱེད་པ། ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། སྒྱུར་བཅོས་གསར་གཏོད་ཤུགས་ཆེན་བྱེད་པ། ལས་དོན་དོན་འཁྱོལ་ཤུགས་ཆེན་བྱེད་པ། དུས་རབས་གསར་པའི་དམག་གྲབས་གཡུལ་འགྱེད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་རང་རེའི་དམག་གི་དམག་གྲབས་གཡུལ་འགྱེད་གནད་དོན་ལ་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཀྱི་ཉིན་གཉིས་པར་ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ་དམག་ཨུད་ཀྱི་ཚན་ཁག་ལ་དམག་ཡོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དེ་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་རྒྱུར་དམིགས་དགོས་ཞེས་ནན་བཤད་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་ཞི་ཅིན་ཕིང་དམག་ཆས་སྤྲས་ནས་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་ཕེབས་ཤིང་། ཁོང་གིས་དམག་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་སྣེ་འཁྲིད་དེ་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་འཛུགས་སྐྱོང་བྱས་ཚུལ་ལ་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་དམག་དཔུང་ནི་གཡུལ་འགྱེད་ལ་གྲ་སྒྲིག་བྱེད་མཁན་ཞིག་ཡིན་པས། དམག་ཨུད་ཀྱིས་ངེས་པར་དུ་དམག་རྒྱག་ཤེས་པ་དང་། ཇུས་འགོད་བྱེད་མཁས་པ། བཀོད་འདོམས་བྱེད་ཤེས་པ་བཅས་བྱས་ཏེ་དམག་ཨུད་ཀྱི་ལས་དོན་འགོ་འཛུགས་མ་ཐག་ནས་དམག་གྲབས་གཡུལ་འགྱེད་ཀྱི་བཀོད་འདོམས་ལ་ཤུགས་སྣོན་རྒྱག་དགོས། དེ་རིང་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཡོང་དོན་ནི་རྣམ་འགྱུར་གསལ་པོར་བསྟན་ཏེ་རང་ཉིད་ནས་འགོ་འཛུགས་པ་དང་དམག་ཨུད་ནས་འགོ་བཙུགས་ཏེ་དམག་གྲབས་གཡུལ་འགྱེད་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་གཏོང་བ། དམག་གྲབས་ལས་དོན་ལ་དམ་འཛིན་དངོས་བྱེད་པ། རང་རེའི་དམག་གི་སྣེ་འཁྲིད་དེ་དངོས་འབྲེལ་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་འཁུར་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་དམག་རིགས་སྣ་ཚོགས་ཀྱི་དམག་ཆས་གྱོན་པའི་ལས་རེས་དམག་མི་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་བྲེལ་བརྩོན་ཆེན་པོ་བྱེད་བཞིན་མཆིས། ཞི་ཅིན་ཕིང་གིས་གནས་ཁག་རེ་རེ་བཞིན་ལ་གཟིགས་ཞིབ་གནང་སྟེ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བའི་ཁར་ལས་རེས་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།
         དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ནི་དམག་ཨུད་ཀྱི་འཐབ་ཇུས་བཀོད་འདོམས་ལྟེ་གནས་ཤིག་རེད། ཉིན་ལྟར་དམག་དོན་བྱ་སྤྱོད་ཀྱི་བཀའ་བཀོད་མང་པོ་ཞིག་འདི་ག་ནས་གཏོང་གི་ཡོད། ན་ནིང་ཟླ་4པར་ཞི་ཅིན་ཕིང་གིས་ཆེད་མངགས་འདི་གར་གཟིགས་ཞིབ་གནང་མྱོང་ཡོད། ལོ་གཅིག་ལྷག་ཙམ་རིང་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ལ་ཡར་རྒྱས་གསར་པ་མང་པོ་ཞིག་བྱུང་བར་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་གིས་ཚང་མར་ཡང་འབད་བསྐྱར་འབད་བྱས་ཏེ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
          ཆུ་ཚོད་10པ་ཡོལ་ཙམ་ལ་ཞི་ཅིན་ཕིང་སྤྱི་ཁྱབ་བཀོད་འདོམས་སྟེགས་བུའི་ཐོག་ཞུགས་ཏེ་བརྙན་ལམ་བརྒྱུད་འཐབ་ས་མདུན་མའི་ལས་འགན་དཔུང་སྡེར་བཀོད་འདོམས་གནང་བ་རེད། ཞི་ཅིན་ཕིང་གིས་དང་ཐོག་མཐའ་སྲུང་མཚོ་སྲུང་བྱེད་མཁན་འབྲེལ་ཡོད་ལས་འགན་དཔུང་སྡེའི་དཔོན་དམག་ལ་བཀའ་མོལ་གསུངས་ཤིང་། ཁོང་གིས་རྒྱུན་གཏན་གྱི་དམག་གྲབས་སྦྱོང་བརྡར་དམ་འཛིན་ཇི་འདྲ་བྱུང་སོང་ངམ། འགན་སྲུང་གི་འབྲེལ་ཡོད་ལས་ཀ་ཇི་ལྟར་སྒྲུབ་ཡོད་དམ། ད་དུང་དཀའ་ངལ་དངོས་གང་དག་འདུག་གམ་ཞེས་བཀའ་འདྲི་ཞིབ་ཕྲ་གནང་། ཁོང་གིས་དོགས་ཟོན་ཆེར་སྐྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་གསུངས་པ་དང་དེ་རྗེས་བརྙན་ལམ་བརྒྱུད་ཅི་པུ་ཐི་རུ་བཅའ་སྡོད་འགན་སྲུང་རྟེན་གཞིར་གཟིགས་པ་རེད། རྟེན་གཞི་དེ་ནི་རང་རེའི་དམག་གི་ཕྱི་རྒྱལ་དུ་ཡོད་པའི་འགན་སྲུང་རྟེན་གཞི་དང་པོ་དེ་ཡིན་པ་དང་ཞི་ཅིན་ཕིང་གིས་རྟེན་གཞིའི་འཛུགས་སྐྲུན་འཁོར་སྐྱོད་དང་། ལས་སྒྲུབ་སྦྱོང་བརྡར། དཔོན་དམག་གི་ལས་ཀ་དང་འཚོ་བའི་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས་ཁོང་ཚོར་ཀྲུང་གོའི་དམག་མིའི་གཟུགས་བརྙན་བཟང་པོ་གཏོད་དེ་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ལས་འགན་དཔུང་སྡེའི་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། དཔོན་དམག་ཚོས་སྐད་གསང་མཐོན་པོས་ལས་འགན་ལ་ངོ་མི་གནོངས་བར་འགན་འཁྲི་ལྕི་པོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་པས། ཀྲུའུ་ཞི་མཆོག་ཐུགས་བློ་བདེ་པོ་དང་མེས་རྒྱལ་དང་མི་དམངས་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་བཤད་པ་རེད།
           དེ་རྗེས་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་དམག་མི་སྦྱོང་བརྡར་དང་དམག་གྲབས་ཀྱི་ལས་ཀའི་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དམག་ཡོངས་ཀྱི་དམག་མི་སྦྱོང་བརྡར་དང་དམག་གྲབས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ད་ཆ་རང་རྒྱལ་འདི་ཉིད་ཆེན་པོ་ནས་སྟོབས་ཆེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འགག་རྩའི་དུས་མཚམས་སུ་གནས་པ་དང་། མདུན་ལམ་འོད་ཟེར་སྟོང་དང་ལྡན་ལ་འགྲན་སློང་ཡང་ཧ་ཅང་དྲག་པོ་འཕྲད་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ལས་སླ་པོ་ཞིག་དང་རང་དགར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན། དམག་དོན་འཐབ་རྩོད་ནི་རླབས་ཆེན་འཐབ་རྩོད་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་འཐབ་ན་རྒྱལ་ཐུབ་པ་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཞིག་རེད། དམག་ཡོངས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། དམག་འཐབ་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། སེམས་ནུས་ཡོད་རྒུ་དམག་འཐབ་ཐོག་འཇོག་པ་དང་། ལས་དོན་ཁག་དམག་འཐབ་ལ་ཕྱོགས་ནས་ཤུགས་བརྒྱབ་སྟེ་དམག་གྲབས་གཡུལ་འགྱེད་ཀྱི་ནུས་པ་གང་མགྱོགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་དང་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས་གནས་ཚུལ་ཡོད་ཕྱིན་ལམ་སེང་ཁ་གཏད་གཅོག་ཐུབ་པ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། འཐབ་འཛིང་རུ་ཁག་གི་བསམ་བློར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འཐབ་འཛིང་ནུས་པའི་ཚད་གཞི་དོན་འཁྱོལ་བྱེད་དགོས། གཡུལ་འགྱེད་དང་དམག་འཐབ་ཀྱི་འཆར་གཞི་གསར་གཏོད་བྱེད་པར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་དང་། གཡུལ་འགྱེད་རྣམ་པ་དང་དམག་འཐབ་བྱེད་སྟངས་ཀྱི་འགྱུར་ལྡོག་གི་རྗེས་སུ་དམ་པོར་འབྲང་བ། དམག་འཐབ་ལས་འགན་དང་། དམག་འཐབ་བྱ་ཡུལ། དམག་འཐབ་ཁོར་ཡུག་བཅས་ལ་དམ་པོར་དམིགས་ནས་དམག་འཐབ་གནད་དོན་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་དགོས། མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་སྟེ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ལག་ལེན་གསར་གཏོད་བྱེད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྟོབས་ལྡན་ནུས་ཆེའི་དམག་ཁུལ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་གཏོད་དགོས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་བཏང་སྟེ་དམག་འཐབ་དངོས་ཀྱི་ཚད་གཞི་ཇི་བཞིན་དམག་མིར་སྦྱོང་བརྡར་སྤྲོས་པ་དང་། དམག་འཐབ་ཀྱི་དགོས་མཁོར་གཞིགས་ནས་དཀའ་སྤྱད་སྦྱོང་བརྡར་བྱེད་པ། དཔོན་དམག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བར་བྱས་ཏེ་དམག་དཔུང་ཡོངས་སུ་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ནན་པོ་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།