མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་
སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་
རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་
གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་16ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་3ཚེས་15ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ།
           སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འཚོག་རིང་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པའི་རྒྱང་སྐྱོད་ལམ་བུ་གསར་པའི་གནད་དོན་གལ་ཆེན་ལ་དམིགས་ཏེ་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་ལྷུ་ཚིགས་སྟོབས་ཆེར་གཏོང་བ་བཅས་ལ་གཞིགས་ནས་གྲོས་གཞི་བཏོན་ཏེ་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་ཡོད།
         2018ལོའི་ཟླ་3ཚེས་9ཉིན་གྱི་ཆུ་ཚོད་17བར་ཁྱོན་གྲོས་གཞི་5360འབྱོར་ཡོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་གྱི་སྲོལ་ཡིག་དང་གྲོས་གཞི་ཞིབ་བཤེར་ལས་དོན་གྱི་ཞིབ་སྲོལ་གཞིར་བཟུང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་4438ཆེད་ཐོ་བཀོད་པ་དང་གྲོས་གཞི་88ཟླ་བསྒྲིལ་ནས་ཐག་གཅོད་བྱས་ཡོད། གྲོས་གཞི་834ཆེད་ཐོ་བཀོད་མེད་པའི་ནང་ནས་777བསམ་འཆར་དང་གྲོས་འགོར་བསྒྱུར་ཡོད། གྲོས་གཞིར་ཆེད་ཐོ་འགོད་རིང་ཨུ་ཡོན་གྱིས་གྲོས་གཞི་4049བཏོན་པ་དེས་91.23%བཟུང་བ་དང་། མཉམ་སྡེབ་ཀྱིས་གྲོས་གཞི་389བཏོན་པ་དེས་8.77%བཟུང་ཡོད། སྤྱིའི་ཆ་ནས་བལྟས་ན། གྲོས་གཞི་དེ་དག་སྤུས་ཚད་ལ་གཙིགས་ཆེན་དང་། གྲངས་ཚད་མང་ཉུང་མི་བསྡུར་བ། དོན་རེར་གྲོས་གཞི་རེ་འདོན་རྒྱུར་གཙིགས་ཆེན། ལྟེ་བར་དམིགས་ནས་བརྗོད་གཞི་གནད་འཁེལ་བདམས་པ། དམངས་ཀྱི་འདོད་བློ་མཚོན་ལ་མང་ཚོགས་དང་འབྲེལ་འདྲེས་ཐུབ་པ། ནང་དོན་ཁུ་བསྡུས་པ། གྲོས་འགོ་ཞིབ་ཚགས་ལྡན་པ་བཅས་བྱུང་ཡོད། ཡིན་ནའང་གྲོས་གཞི་ཁག་གཅིག་ཁྱབ་ཆེ་དྲགས་པ་དང་། ནང་དོན་དེ་ཙམ་མེད་པ། སྡེ་ཚན་མང་པོ་དང་འབྲེལ་བ་བཅས་རེད།
     གྲོས་གཞིར་ཆེད་ཐོ་འགོད་རིང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་1613བཏོན་པ་དེས་གྲོས་གཞི་ཐོ་འགོད་བསྡོམས་འབོར་གྱི་36.35%བཟུང་བ་དང་། ཆབ་སྲིད་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་437བཏོན་པ་དེས་9.85%བཟུང་བ། རིག་གནས་དར་སྤེལ་ཐད་ཀྱི་གྲོས་གཞི་336བཏོན་པ་དེས་7.57%བཟུང་བ། སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་1446བཏོན་པ་དེས་32.58%བཟུང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་403བཏོན་པ་དེས་9.08%བཟུང་བ། གྲོས་གཞི་གཞན་203བཏོན་པ་དེས་4.57%བཟུང་བ་བཅས་རེད། བཏོན་པའི་གྲོས་འགོ་ཕལ་ཆེ་བ་ནི། གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ཐད། གཙོ་བོ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དང་། རྩ་ཁྲིམས་ལག་བསྟར་དང་། དྲིལ་བསྒྲགས། སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། “གློད་སྡོམ་ཞབས་གསུམ”སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ། ཚོང་གཉེར་གྱི་ཁོར་ཡུག་བཟང་སྒྲིག་བྱ་རྒྱུ། སྲིད་དོན་གྱི“ཆ་འཕྲིན་གསང་པོ་མེད་པ”ཐག་གཅོད་བྱ་རྒྱུ། ལྟ་ཞིབ་གོ་རིམ་དང་ཁྲིམས་འཛིན་གོ་རིམ་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་བ་དང་། དམངས་གཙོ་དང་མཐུན་པའི་ཁྲིམས་བཟོ་བ། ཁྲིམས་བཞིན་ཁྲིམས་བཟོ་བ་བཅས་ལ་སྐུལ་མ་གཏོང་རྒྱུ་དེ་རེད། གཉིས་ནས་ཉེན་ཁ་ཆེན་པོ་འགོག་སེལ་དང་། གནད་སྨིན་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་ཐད། གཙོ་བོ་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་འགོག་སེལ་བྱ་རྒྱུ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་གྱི་ནང་གནས་སྒུལ་ཤུགས་འདོན་སྤེལ་དང་དཔྱད་ཞིབ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཐབས་ལེགས་སུ་གཏོང་རྒྱུ། གནམ་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་བསྟུད་མར་བླངས་ནས་བཙོག་དངོས་འབུད་གཏོང་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། གསུམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། གཙོ་བོ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུ་དང་། འདུས་གྲུབ་གློག་ལམ་དང་། ནུས་རྒྱུ་གསར་པའི་རླངས་འཁོར། རྒྱུ་ཆ་གསར་པ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ། གྲངས་གཞི་ཆེན་པོ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་ཡོང་བར་བྱ་རྒྱུ། དཔལ་འབྱོར་གྱི་ལས་རྣམ་གསར་པ་སྐྱོན་བྲལ་འཕེལ་རྒྱས་མཉམ་སྤྱོད་བྱ་རྒྱུ། དམག་དམངས་མཉམ་འདྲེས་ཀྱི་སྤྱི་ཡོངས་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཁེ་ལས་ཀྱི་ཁྲལ་འཇལ་ཁུར་པོ་མུ་མཐུད་ཡང་དུ་གཏོང་བ་དང་མི་སྒེར་གྱི་ཐོབ་ཁྲལ་ལ་སྒྱུར་བཅོས་བྱ་རྒྱུ། ཤེས་བྱའི་བདག་དབང་གི་མ་རྩ་མཉམ་བསྡུའི་བོགས་གཏོང་བྱེད་སྟངས་གསར་གཏོད་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ཡོང་བར་བྱ་རྒྱུ། རྨང་གཞིའི་རང་བཞིན་གྱི་འགག་རྩའི་ཁྱབ་ཁོངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་དར་རྒྱས་ཡོང་བར་བྱེད་པའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་དང་། གཉེར་སྐྱོང་ལམ་ལུགས། མཉམ་སྡེབ་ཀྱི་བདག་དབང་ལམ་ལུགས་བཅས་ལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། ཅིང་ཅིན་ཅི་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་ཟམ་མི་ཆད་པར་བཏང་ནས་ཚད་གཞི་མཐོ་བའི་ངང་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དེ་ཡིན། བཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བའི་ཐད། གཙོ་བོ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་རྒྱ་ཁྱབ་གཏོང་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མུ་མཐུད་འཕེལ་རྒྱས་གཏོང་རྒྱུ། གྲངས་གཞིའི་རིག་གནས་ཐོན་ལས་སྟོབས་ཆེར་གཏོང་རྒྱུ། མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་ཁུལ་གྱི་འཛུགས་སྐྲུན་མགྱོགས་སུ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་རིག་གནས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་ཡིན། ལྔ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཆུ་ཚད་མཐོར་གཏོང་ཐད། གཙོ་བོ་སློབ་གྲྭ་ཆེ་མོ་བ་དང་རང་ཡུལ་དུ་ཕྱིར་ལོག་བྱས་པའི་ཞིང་པའི་ལས་གཏོད་ལས་ཞུགས་ལ་ལྕག་སྐུལ་གཏོང་རྒྱུ་དང་། ཀུན་ཁྱབ་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཀྱི་དགེ་ཕྲུག་ལམ་ལུགས་བཟོས་ནས“རྒྱལ་ཁབ་ཆེན་པོའི་བཟོ་བོ”གསོ་སྐྱོང་བྱ་རྒྱུ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཁྱབ་སྤེལ་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ས་ཁང་བདག་ཁོངས་ཀྱི་མགོ་བདེ་གླགས་ཚོང་ལ་རྡུང་རྡེག་བཏང་ནས་སྡོད་ཁང་བོགས་གཏོང་གི་ཁྲོམ་ར་སྐྱེད་སྲིང་མགྱོགས་སུ་གཏོང་རྒྱུ། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་རྒན་གསོ་བྱེད་སྟངས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ། གྲངས་གཞི་ཆེན་པོ་དང་ཟོག་འགྲེམས་དྲ་སྦྲེལ་སོགས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་གི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། དྲུག་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུའི་ཐད། གཙོ་བོ་རི་ཆུ་ནགས་ཞིང་མཚོ་མཚེའུ་རྩྭ་ར་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་ཀྱི་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ་དང་། གད་སྙིགས་ཀྱི་འབྱུང་ཁུངས་ཉུང་དུ་གཏོང་བ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ། ཁོར་ཡུག་ལ་ལྟ་སྐུལ་ཚད་ལེན་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་རྩིས་བཤེར་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན། བདུན་ནས་གྲོས་གཞིའི་ནང་ད་དུང་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་མ་བཏང་ནས་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་དོན་འཁྱོལ་ཡོང་བར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་འགྲོ་ལམ་དུ་བསྐྱོད་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ངང་ལག་ལེན་བསྟར་ནས། མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་འགོའང་བཏོན་ཡོད།
         ཚོགས་ཆེན་གྲོལ་བའི་རྗེས། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པར་བསྒྲུབ་རྒྱུར་བརྩིས་སྤྲད་ནས་ཀྲུའུ་ཞིའི་ཚོགས་འདུའི་ཐོག་ཞིབ་བཤེར་གཏན་འཁེལ་བྱས་རྗེས་གཙོ་གནད་གྲོས་གཞི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
         ད་རེས་ཚོགས་ཆེན་གྱི་གྲོས་གཞི་འདོན་མཚམས་འཇོག་དུས་ཀྱི་རྗེས་སུ་འབྱོར་བའི་གྲོས་གཞི་རྒྱུན་གཏན་གྲོས་གཞིར་བརྩིས་ནས་ཐག་གཅོད་བྱ་རྒྱུ་ཡིན།
         གོང་གསལ་གྱི་སྙན་ཞུར་གྲོས་ཞིབ་གནང་བར་ཞུ།