མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།
        (2018ལོའི་ཟླ་1ཚེས་19ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ།)
        ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་2018ལོའི་ཟླ་1ཚེས་18དང་ཚེས་19ཉིན་པེ་ཅིང་དུ་འཚོགས་པ་རེད།
        ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་སུ་ཕེབས་མཁན་ཀྲུང་དབྱང་ཨུ་ཡོན་203དང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་172ཡོད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་འགའ་ཞིག་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་《རྩ་ཁྲིམས་ཀྱི་ནང་དོན་འགའ་ཞིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་》གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་ཀྲང་ཏེ་ཅང་གིས་《གྲོས་འགོའི་(འཆར་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཐག་བཅད་པ་དང་ལས་དོན་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱ་ཕྱིར་བསམ་པའི་སྒུལ་ཤུགས་ཧ་ཅང་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་དང་། གདེང་ཚོད་སྔར་བས་བརྟན་པ། བྱ་སྤྱོད་སྔར་བས་ནུས་ལྡན་བཅས་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་བའི་རྣམ་པ་ཞིག་ཐོན་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཤིག་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཅིག ཏང་དང་མི་དམངས་ཀྱི་འདོད་འདུན་གཅིག་སྡུད་ཐོག་མཚོན་པ་ཞིག་བཅས་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་ཚུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དང་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ལག་ལེན་དངོས་ནང་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་འདོན་སྤེལ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ནུས་ལྡན་བྱས་པ། མི་དམངས་རང་ཁྱིམ་རང་བདག་ཡོང་རྒྱུར་འགན་ལེན་ནུས་ལྡན་བྱས་པ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་ནུས་ལྡན་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་བ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནི་རྒྱལ་བབ་དང་། དོན་དངོས། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་བཅས་དང་མཐུན་པའི་རྩ་ཁྲིམས་ཡག་པོ་ཞིག་དང་། མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་གང་ལེགས་མཚོན་པ་དང་། མི་དམངས་ཀྱི་དམངས་གཙོའི་དབང་ཆ་འགན་སྲུང་གང་ལེགས་ཐུབ་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་གང་ལེགས་ཐུབ་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་ཐུབ་པ་དང་། མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་འགན་ལེན་ཐུབ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུ་འགན་ལེན་ཐུབ་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག རང་རེའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ་དང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མདུན་སྐྱོད་བྱེད་པའི་རྩ་བའི་ཁྲིམས་སྐྱོང་འགན་ལེན་ཞིག་བཅས་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་ཡོད། རྩ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོ་ཞིག་ཡིན་ལ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན།
         ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བསྐྱངས་པར་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མྱོང་མེད་པའི་ཤུགས་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་མཐའ་འཁྱོངས་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་བ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་རྒྱལ་ཁབ་ཚུལ་བཞིན་སྐྱོང་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་སྒྲིག་ཡིག་ལྟར་ཏང་སྐྱོང་རྒྱུ་གཉིས་གཅིག་གྱུར་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས་བྱས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། ཁྲིམས་ལག་བསྟར་ནན་པོ་བྱེད་པ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་ལ་སྲུང་བརྩི་ཞུ་བ་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་དང་། ཁྲིམས་སྐྱོང་གི་ལག་བསྟར་མ་ལག ཁྲིམས་སྐྱོང་གི་ལྟ་སྐུལ་མ་ལག ཁྲིམས་སྐྱོང་གི་འགན་ལེན་མ་ལག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བཅས་འཛུགས་སྐྱོང་བྱ་རྒྱུར་ཕན་ཚུན་སྐུལ་འདེད་ཐུབ་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་པ་བཅས་ལས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ཁྲོད་ཀྱི་རྩ་ཁྲིམས་ཀྱི་གནས་བབ་གལ་ཆེན་དང་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་གསལ་བཏོན་བྱེད་པ་དང་། རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་རྩ་ཁྲིམས་ལག་བསྟར་འགན་ལེན་བྱ་ཆེད་ཆབ་སྲིད་དང་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།
         ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རང་རྒྱལ་གྱི་རྩ་ཁྲིམས་དེ་ངེས་པར་དུ་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས། འདི་ནི་རང་རྒྱལ་གྱི་རྩ་ཁྲིམས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་ལ་གཞི་རྩའི་ཆོས་ཉིད་གཅིག་ཀྱང་ཡིན། 1954ལོར་རང་རྒྱལ་གྱི་རྩ་ཁྲིམས་ཐོག་མ་དེ་བཟོས་པ་ནས་ད་བར། རང་རྒྱལ་གྱི་རྩ་ཁྲིམས་དེ་ལག་ལེན་འཚོལ་ཞིབ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བའི་བརྒྱུད་རིམ་ནང་གནས་ཡོད། 1982ལོར་རྩ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་རྗེས། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་དང་འཕེལ་རྒྱས་ལ་གཞིགས་ནས་1988ལོ་དང་། 1993ལོ། 1999ལོ། 2004ལོ་བཅས་སོ་སོར་བཟོ་བཅོས་ཐེངས་བཞི་བརྒྱབ་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ནི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལག་ལེན་དང་འཚོལ་ཞིབ་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། དུས་རབས་ཡར་རྒྱས་དང་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་ལག་ལེན་དངོས་ལས་ར་འཕྲོད་ཡོད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྩ་ཁྲིམས་ཀྱིས་ཏང་དང་མི་དམངས་ཀྱིས་བཏོད་པའི་རླབས་ཆེན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་དུས་ཐོག་ཏུ་ངོས་འཛིན་ངེས་གཏན་བྱས་ཏེ་རྩ་ཁྲིམས་ཀྱི་ཚད་ལྡན་དང་། སྣེ་ཁྲིད། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་ལག་ལེན་དངོས་འཕེལ་རྒྱས་ཡོང་བར་བྱེད་པའི་ལྡོག་མེད་བླང་བྱ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་པ་ཞིག་ཡིན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པ་གཞིར་བཟུང་། རང་རྒྱལ་གྱི་རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་རྒྱག་པའི་དགོས་པ་ཡོད། 2004ལོར་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རྒྱས་དང་འགྱུར་ལྡོག་གལ་ཆེན་མང་པོ་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་དང་སྐུལ་འདེད་བཏང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་བ། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་བཏང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཐོན་པའི་ལོ་རྒྱུས་རང་བཞིན་གྱི་གསར་བསྒྱུར་ལ་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་གལ་ཆེན་བཀོད་སྒྲིག་བྱས་པ་དང་འབད་འཐབ་དམིགས་ཚད་གསར་པ་གཏན་འཁེལ་བྱས་ཡོད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་ཆེད། རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་བརྒྱབ་ནས་ལག་ལེན་ཁྲོད་ཏང་དང་མི་དམངས་ལ་ཐོབ་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་ཀྱི་གྲུབ་འབྲས་གསར་པ་རྩ་ཁྲིམས་ཀྱི་གཏན་འབེབས་ཐོག་མཐོར་གཏོང་བྱེད་དགོས་ཀྱི་ཡོད།
         ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་དང་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་སྐུལ་འདེད་གཏོང་བའི་དེང་རབས་ཅན་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ད་རེས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་གཅིག་གྱུར་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ནང་འཇུག་པ་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མཚོན་པར་བྱེད་པ། རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། དབང་གྲགས་རང་བཞིན་བཅས་སྤྱིའི་ཆ་ནས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་རྩ་ཁྲིམས་འདི་ཉིད་དུས་བསྟུན་འཕེལ་རྒྱས་དང་། འཐུས་ཚང་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པ་དེ་ཡིན།
          ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ད་རེས་རྩ་ཁྲིམས་བཟོ་བཅོས་རྒྱག་རིང་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ལག་བསྟར་་བྱེད་དགོས་པ་སྟེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། ཁྲིམས་ལྟར་དང་གོ་རིམ་གཞིར་བཟུང་ལག་བསྟར་ནན་པོ་བྱེད་དགོས་པ། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མི་དམངས་ཀྱི་འདོད་འདུན་མཚོན་པ་དང་མི་དམངས་ཀྱི་བརྩི་བཀུར་ཐོབ་རྒྱུ་འགན་ལེན་བྱེད་དགོས་པ། རྩ་ཁྲིམས་ལ་བཟོ་བཅོས་འགའ་ཞིག་བརྒྱབ་པ་ལས་བཟོ་བཅོས་ཆེན་པོ་མི་རྒྱག་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འཕེལ་རྒྱས་ཀྱི་ཆོས་ཉིད་ལའང་བརྩི་སྲུང་ཞུས་ནས་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། དབང་གྲགས་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་རྒྱ་ཁྱབ་གཏིང་ཟབ་ཀྱི་ཤུགས་རྐྱེན་ཡང་ལྡན་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པ། ཁྲིམས་ལྟར་ཁྲིམས་འཛུགས་པ་བཅས་ཀྱི་བླང་བྱ་ལག་བསྟར་བྱེད་པ་དང་། ཆབ་སྲིད་དང་། སྤྱི་ཡོངས། འཐབ་ཇུས་བཅས་ཀྱི་ཐོག་ནས་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུར་སྣང་ཆེན་བྱེད་པ། རྩ་ཁྲིམས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་ནང་གནས་ཀྱི་བླང་བྱའི་ཐོག་ནས་གནད་དོན་ལ་བསམ་གཞིག་བྱ་རྒྱུར་སྣང་ཆེན་བཅས་བྱས་ནས་རྩ་ཁྲིམས་ཀྱི་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་དགོངས་པ་བཅས་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་རང་བཞིན་གྱི་ཁྱད་རྟགས་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཀྱང་ཡིན་པས་ངེས་པར་དུ་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། 2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་འབད་འཐབ་དམིགས་ཚད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་འབད་འཐབ་བྱ་རྒྱུར་ཡར་སྐུལ་དང་ཁྲིད་སྟོན་བྱེད་པའི་ངོས་ནས་བརྗོད་ན་ཁྲིད་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱ་རྒྱུ་དང་། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མཐའ་འཁྱོངས་བྱ་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མིའི་རིགས་ཞི་བདེ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་བྱ་གཞག་གི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་སྒྲིག་གཞི་སྒྱུར་བཅོས་གལ་ཆེན་ཞིག་དང་ཏང་དང་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ཁྲིམས་ལྟར་ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པའི་རུལ་རྒོལ་ལས་དོན་གྱི་སྒྲིག་གཞི་འཛུགས་པ་དང་གཅིག་སྡུད་གཅིག་གྱུར་དང་དབང་གྲགས་ཆེ་ལ་ཕན་འབྲས་ཆེ་བའི་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་བཙུགས་ཏེ་སྤྱི་པའི་དབང་ཆ་སྤྱོད་མཁན་གཞུང་ལས་པ་ཡོངས་ལ་ལྟ་ཞིབ་ཁྱབ་པར་བྱེད་དགོས། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་ལམ་ལུགས་ཁག་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྤྱིའི་གཞི་འཛིན་ས་ཞིག་ཡིན་པས། རྩ་ཁྲིམས་ཀྱི་ལམ་ལུགས་དང་གཏན་འབེབས་གལ་ཆེན་འཐུས་སྒོ་ཚང་དུ་གཏོང་བ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་རྒྱུར་གལ་ཆེའི་ནུས་པ་ལྡན་པ་ཡོད།
         ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། རྩ་ཁྲིམས་ཀྱི་སྲོག་རྩ་ལག་བསྟར་བྱ་རྒྱུར་ཐུག་ཡོད་ལ་རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱ་རྒྱུར་ཐུག་ཡོད། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་འདུན་གྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ་ཞིག་དང་། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་འདུན་གྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་ཞིག རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འགན་ལེན་བྱེད་པ་ཞིག་བཅས་ཡིན། ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་གོ་སྐབས་སུ་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར་ནན་པོ། དྲང་གཞག་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ། ཁྲིམས་འཛིན་དུས་ངེས་པར་དུ་ནན་པོ་དགོས་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་བཅས་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་སྤྱོད་པ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་རྩ་ཁྲིམས་ཀྱི་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། རིམ་ཁག་རྒྱལ་ཁབ་ལས་དོན་མི་སྣ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་། འགན་འཁྲི་ལག་བསྟར། ལས་དོན་སྤེལ་བ། རང་འགན་གཙང་སྒྲུབ། སྤྱོད་གཙང་ངང་གཞུང་དོན་སྒྲུབ་པ། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་ལེགས་སྐྱེས་འབུལ་བ་ལས་ཁ་ཤུགས་ཀྱིས་ཁྲིམས་ཚབ་དང་། དབང་ཤུགས་ཀྱིས་ཁྲིམས་གནོན། ཁེ་ཕན་ལ་རྔམས་ནས་ཁྲིམས་འགལ། ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱེད་མི་རུང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་མཐའ་དག སྲིད་ཏང་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག ཁེ་ལས་དང་བྱ་གཞག་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་དེ་གཞི་རྩའི་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་པ་དང་། ཚང་མར་རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པའི་འགན་འཁྲི་ཡོད་པས་རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་དམིགས་བསལ་དབང་ཆ་ཡོད་མི་རུང་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚང་མ་ངེས་པར་དུ་བདའ་འདེད་གཏོང་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་སྐྱོད་པ། རང་རྟོགས་ངང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་འགན་ལེན་བཅས་བྱས་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

༄༅།།ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།